སྙན་དེབ་((རྟོག་འགྱུའི་ང་རོ))་སྒོར་ཐོན་འདུག
སྙན་དེབ་((རྟོག་འགྱུའི་ང་རོ))་སྒོར་ཐོན་འདུག
རྩོམ་པ་པོ་སེར་ཤུལ་རིན་ཆེན་དོན་གྲུབ་ཀྱི་རྩོམ་དེབ་༼རྟོག་འགྱུའི་ང་རོ།༽གསར་དུ་ཐོན་ཡོད།
འདི་ནི་རྩོམ་པ་པོའི་རྩོམ་ཡིག་དེབ་ཕྲེང་གསུམ་པ་དེ་ཡིན་ཞིང་། རྩོམ་དེབ་འདིར་དད་པའི་དབྱངས་དང་། ལ་རྒྱའི་དབྱངས། དཔྱོད་པའི་དབྱངས། ཚོར་བའི་དབྱངས། བཅས་ཚན་པ་བཞི་ཡིས་གྲུབ་ཡོད་པ་དང་། ཤོག་ངོས་༡༣༥ འདུག རྩོམ་དེབ་འདི་ནི་དད་སེམས་དང་། ལ་རྒྱ། དཔྱོད་ཞིབ། ཚོར་བ་བཅས་ཀྱི་བརྗོད་བྱའི་སྲོག་ཏུ་བཟུང་ཞིང་། གསར་བཅད་རྣམ་པའི་ཚིག་འགྲོས་ཀྱི་རང་བཞིན་ལྡན་པའི་དཔྱད་བརྗོད་སྙན་ངག་ཕྱོགས་བསྒྲིགས་བྱས་པ་ཞིག་རེད། བླ་སྲོག་གི་གཟི་ཉམས་དཔྱོད་ཤེས་ཀྱིས་མྱོང་དགོས།
རང་རྩོམ་དེབ་ཕྲེང་གསུམ་པ་(རྟོག་འགྱུའི་ང་རོའི་)སྔོན་གླེང་དུ།
གཅིག
སྙན་ངག་གིས་མིའི་སེམས་ཁམས་ཀྱི་མཛེས་པ་མཐོར་འདེགས་བྱེད་པའི་གནས་ལུགས་ཀྱི་གོ་དོན་རྟོགས་མཁན་ནི་སྐད་ཡིག་འདི་བཀོལ་སྤྱོད་བྱེད་མཁན་གྱི་གྲས་ན་གྲངས་ཀ་ཉུང་ཉུང་ཞིག་རེད། རྒྱུ་མཚན་དེའི་དབང་གིས་ཕལ་མོ་ཆེས་སྙན་ངག་གི་དགའ་མོས་ལ་ཡིད་ཕྱོགས་པ་ལས་འདོར་ལེན་རང་བཞིན་དང་མྱོང་ཞིབ་རང་བཞིན་གྱིས་སྙན་ངག་གི་མཛེས་ཡོན་འཚོལ་ཞིབ་བྱེད་ཀྱི་མེད། མཚམས་འདིར་སླེབ་སྐབས་རང་གིས་རང་གི་སྙན་ངག་གི་དགེ་མཚན་འགྲེལ་དགོས་པའི་གནས་སྟངས་ཀྱང་ཡོང་བཞིན་པར་མངོན། འོན་ཀྱང་ངས་ནི་བྱེད་སྟངས་དེ་དག་ལས་ལྡོག་པའི་ལྟ་ཚུལ་གྱི་རང་ཚུགས་བཟུང་སྟེ་རང་ཉིད་ཀྱི་སྙན་ངག་ལ་མཛེས་ཡོན་དང་། ཚོར་བའི་རྣོ་མྱུར། སེམས་ཁམས་གཡོ་འགུལ་ཐུབ་པའི་སྙན་ངག་གི་ནུས་པ་ཡོད་རབས་སོགས་རྒྱས་གླེང་བྱེད་འདོད་མེད་ལ་ཕྲན་བཤད་དང་ཕྲན་དཔྱད་སོགས་ཀྱི་མིང་འོག་ནས་རང་གི་ཚོར་བ་དང་རང་གི་སྙན་ངག་གི་དགེ་མཚན་གླེང་འདོད་མེད། རྒྱུ་མཚན་ནི་རང་གི་སྙན་ངག་གི་མཛེས་ཡོན་དང་། སྙན་འགྱུར། དབྱངས་གྲོས། ཡིད་འགུགས་རང་བཞིན་དང་། སྒྱུ་རྩལ་རང་བཞིན་གྱི་མཛེས་ཆ་དེ་ཚོ་ནི་སྙན་ངག་འབྲི་མཁན་རང་ཉིད་ཀྱིས་གླེང་དགོས་པ་དེ་མ་ཡིན་པར་སྙན་ངག་ཀློག་མཁན་གྱིས་གླེང་དགོས་པ་དང་མྱོང་དགོས་པ་དེ་ཡིན་པས་སོ།། སྙན་ངག་གི་བསམ་བློའི་འདུ་ཤེས་སེམས་ཁམས་སུ་གྲུབ་མེད་པའི་སྤྱི་ཚོགས་ཤིག་ལ་མཚོན་ན་སྙན་ངག་ལས་སྒོར་མོ་རྩ་ཆེ་བ་དང་། སྙན་དེབ་ལས་ཟས་རིགས་གལ་ཆེ་བའི་བསམ་བློ་ཡོད་པ་སྨོས་མེད་རེད། རྒྱུ་མཚན་དེས་དབང་གིས་སྙན་ངག་འབྲི་མཁན་དང་སྙན་དེབ་རྩོམ་པ་པོ་ཆེས་མང་པོ་ཞིག་གིས་རང་གིས་རང་གི་སྙན་ངག་ལ་འགྲེལ་བཤད་དང་བསྐྱར་བཤད་བྱ་དགོས་བྱུང་བའང་ཁག་མེད་པའི་ཚོད་དུ་རེད། འོན་ཀྱང་ངས་རང་ཉིད་ཀྱི་འབད་འབུངས་ཀྱི་གྲུབ་དོན་དང་བསམ་བློའི་མཛེས་བཀོད་ཀྱི་ཟུར་ཆར་གཏོགས་པའི་སྙན་ངག་འདི་ཚོ་སྒྱུ་རྩལ་སེམས་ཁམས་ཀྱི་ནུས་སྟོབས་ཀྱི་ཚད་གཞི་གང་འཚམ་སླེབ་པའི་ཀློག་པ་པོ་དག་གིས་ལེགས་དང་ཉེས་ཀྱི་སྤྱོད་ཡུལ་དུ་གཤམ་འདོད་པ་ལས་རང་གིས་རང་བསྟོད་པའི་རང་འགྲེལ་རྩོམ་པ་པོ་ཞིག་བྱེད་འདོད་གཏན་ནས་མེད། དེའི་ཕྱིར་སྙན་ངག་འདི་དག་ལ་རོལ་མྱོང་གིས་མཇུག་འབྲས་བརྗོད་པའི་འགན་འཁྲི་ནི་རྣམ་དཔྱོད་དང་སྙན་ངག་གི་སེམས་ཁམས་ལྡན་པའི་ཀློག་པ་པོ་ཚོའི་ལས་སྐལ་དུ་བཞག་ཡོད།
གཉིས།
སྒྱུ་རྩལ་སེམས་ཁམས་ཀྱི་ནུས་པ་ལྡན་པའི་ཀློག་པ་པོ་མེད་པའི་སྡུག་ཡུས་འདི་སྙན་ངག་འབྲི་མཁན་དག་གིས་ཡང་དང་ཡང་དུ་གླེང་བཞིན་པ་དེ་རྒྱུན་ལྡན་ལྟ་བུར་སྣང་མོད་སྡུག་བཤད་འདི་མུ་མཐུད་དེ་ཡང་ཟློས་བསྐྱར་ཟློས་བྱེད་པ་ལས་སྙན་ངག་འབྲི་མཁན་དག་གིས་ནམ་ཡང་རང་ཉིད་ཀྱི་བསམ་བློའི་བཟོ་བཀོད་དང་། འཚོ་བའི་མྱོང་ཞིབ། སྒྱུ་རྩལ་ཆེད་སྦྱོང་སོགས་ཀྱི་ནུས་པ་ཞན་པའི་ཆ་དེར་ངེས་པར་དུ་དོ་སྣང་བྱ་དགོས་པའང་གནད་འགག་ལས་ཀྱང་གནད་འགག་རེད། དེའི་ཕྱིར་ངས་ད་དུང་རང་ཉིད་ཀྱི་སྙན་ངག་གི་བཟོ་བཀོད་དང་། སྒྱུ་རྩལ་གྱི་ཆ། སྒྲིག་སྦྱོར་གྱི་ཆ། ཡིད་འགུགས་ཀྱི་ཆ་སོགས་ཕྱོགས་གང་ནས་ཀྱང་ཡར་རྒྱས་གཏང་དགོས་པའི་ཆ་མང་པོ་ཞིག་ཡོད་པའི་གནས་ལུགས་དེར་དུས་ནམ་ཡངདང་ལེན་བྱེད་ཀྱི་ཡོད། དང་ལེན་འདི་དང་ལྷན་དུ་རང་གི་སྙན་ངག་གི་སྒྱུ་རྩལ་མྱོང་རོལ་ཐུབ་པའི་ཀློག་པ་པོ་ཆེས་མང་པོ་ཞིག་ཀྱང་སྐབས་དང་དུས་ལ་འཚང་ཁ་ཤིག་ཤིག་གིས་ཡོང་བ་དང་དེ་དག་ལ་བདག་གིས་སྙན་ངག་གི་བྲོ་བ་མངར་མོ་རེའི་ལེགས་སྐྱེས་འབུལ་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཡིད་ཆེས་འདི་དང་དགའ་ཕྱོགས་འདིས་ད་སྐབས་ཡང་བདག་གི་དེབ་ཕྲེང་གསུམ་པ་༼རྟོག་འགྱུའི་ང་རོ༽་རེ་བ་དང་། ཡིད་ཆེས། བློ་སྟོབས། བལྟོས་བཅས་ཀྱི་སྒྱུ་རྩལ་དང་མཛེས་སྡུག གནས་ལུགས་དང་ངར་ཤུགས་བཅས་ཀྱིས་ལམ་ལ་ཆས་པའི་ཚུལ་འདིར་ཞུགས་པ་ཡིན།
གསུམ།
མ་གཞི་བདག་རྩོམ་ཡིག་འབྲི་བཞེངས་ཀྱི་ལམ་ཁ་དེར་ཞུགས་ནས་མི་ལོ་བཅུ་ཕྲག་ཙམ་འདས་ཟིན་མོད་རང་ཉིད་ཀྱི་རྩོམ་འབྲི་ནུས་ཤུགས་ཀྱི་ཆ་དང་། སྒྱུ་རྩལ་གྱི་ཆ། གོ་རྟོགས་ཀྱི་ཆ། གནས་ལུགས་དམར་འགྲེལ་གྱི་ཆ། ཚོལ་ཞིབ་འདོར་ལེན་གྱི་ཆ་སོགས་ཀྱིས་རང་ཉིད་བླ་ན་མེད་པ་ཞིག་དང་། གོང་ན་མེད་པ་ཞིག ཕུལ་དུ་བྱུང་བ་ཞིག་ཡིན་བསམ་མྱོང་མེད། རེད་དེ། སྒྱུ་རྩལ་སེམས་ཁམས་ཀྱི་མཛེས་བཀོད་སྦྲུམ་པའི་སྙན་ངག་དང་། དཔྱོད་ཤེས་དང་གོ་རྟོགས་ཀྱི་གཙུབ་བརྡར་ཁྲོད་ནས་འབྲི་བཞེངས་དང་འགྲེམ་སྤེལ་བྱས་པའི་བདག་གི་རྩོམ་ཡིག་ཁག་ཅིག་ལ་སྔ་ཕྱི་རིམ་པར་བྱ་དགའ་གཟེངས་བསྟོད་ཐོབ་པ་དང་། ཀློག་མཁན་གང་མང་ཞིག་གིས་ཀྱང་གདེང་འཇོག་སྐུལ་སློང་བྱས་པ་དང་། རང་ཉིད་ཀྱི་འཇོན་ནུས་ལ་མངོན་པར་བསྟོད་པའི་རང་གཤིས་དང་ང་རྒྱལ་དག་གིས་ཀྱང་སྐུལ་དེད་འོག་ནས་ཀྱང་འདི་ལྟར་ཡང་བསྐྱར་ལམ་བུ་འདི་བརྒྱུད་ནས་བསྙེག་འགོ་བརྩམས་པ་ཡིན། ངས་ནམ་རྒྱུན་ནས་རྩོམ་ཡིག་འབྲི་བ་ནི་ཅི་ཞིག་གི་ཆེད་དུ་ཡིན་པ་དེར་བསམ་བློ་བཏང་མྱོང་། བསམ་བློ་གཏོང་ཐེངས་རེར་ང་ལ་རྙེད་པའི་ལན་ནི་ཆེ་ས་ནས་མིའི་རིགས་ཀྱི་འཚོ་བའི་དགོས་མཁོ་དང་། སློབ་གསོའི་སྣེ་འཁྲིད་ལེགས་བཅོས་ཀྱི་བྱ་བཞག་གི་ཐད་ལེགས་སྐྱེས་འབུལ་རྒྱུ་དང་། ཆུང་ས་ནས་རང་ཉིད་ཀྱི་སེམས་གསོའི་སྨན་མཆོག་དང་། ངལ་གསོའི་སྟེགས་བུ་ཙམ་ཞིག་རེད་ཟེར་བ་འདི་རེད། དེའི་དབང་གིས་ངས་ད་བར་དུ་རང་གི་རྩོམ་ཡིག་གི་ཆེ་བ་བརྗོད་མྱོང་མེད་ལ་མིང་གྲགས་དོན་གཉེར་གྱི་ལྐོག་གཡོ་ཙམ་ཞིག་གི་ཆེད་དུ་མིང་འདྲ་མིན་གྱི་འོག་ནས་རང་བསྟོད་དང་། རང་ཡག་གི་དཔྱད་བརྗོད་ཀྱི་ཚིག་རིལ་ན་གཅིག་ཀྱང་འབྲི་མྱོང་མེད། རང་ཉིད་ཀྱི་ལྟ་བ་འདིས་ད་སྐབས་ཡང་རང་རྩོམ་གྱི་ཆེ་བ་བརྗོད་འདོད་ཀྱི་ཡི་ག་གཏན་དུ་འགག་སོང་། དེ་ནི་ངའི་མི་ཚེའི་དགེ་མཚན་ནམ་ཉེས་ཕྱོགས་ཤིག་ཡིན་སྲིད། དོན་དངོས་ཐོག་རང་གི་རྣམ་པར་དཔྱོད་པའི་ཤེས་རབ་དང་འབད་བརྩོན་མཐོར་འདེགས་ཀྱི་འབྲས་བུ་འདིས་བོད་གངས་ཅན་པའི་ཤེས་རིག་གི་དབྱར་མཚོར་ཆུ་ཐིགས་ཙམ་གྱི་རོགས་འདེགས་ཐུབ་པ་དེས་བདག་གི་དམིགས་ཡུལ་དང་རེ་བའི་ལངས་ཚོར་གསོན་ཤུགས་བསྩལ་བ་ཡིན་ཞེས་བཤད་བསམ་ལ། སླར་ཡང་འདིར་བརྗོད་འདོད་པ་ནི་དགེ་མཚན་ལྷ་ལ་འབུལ་ལོ།། ལེགས་ཕྱོགས་མི་ཡིས་བཞེས་ཤིག ཉེས་པའི་དུག་ནད་སེལ་ལོ།། རྩོམ་རིག་ཆོས་ཉིད་རྒྱལ་ལོ།། ཞེས་པའོོ།། སྤྱི་ལོ་༢༠༡༢ ལོའི་ཟླ་༡༢ པའི་ཚེས་༢༣ ཉིན་རྒྱ་གར་ལྷོ་ཕྱོགས་ནས་རྩོམ་པ་པོས།།
ཁོང་དང་ངོ་ཤེས་ཚུལ།
ན་གཞོན་རྩོམ་པ་པོ་འདི་ཐོག་མར་ངོ་ཤེས་པའི་བརྒྱུད་རིམ་ནི་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་དགུའི་གླིང་དུ་ངེད་ཆིག་སྒྲིལ་ལོ་དེབ་འདོན་ཐེངས་གཉིས་པའི་སྐྱེས་སྐར་གྱི་རྒྱས་འཛོམས་ཐོག་ནས་ཡིན། དེ་སྔ་ཚགས་དེབ་སོགས་ནས་ཁོང་གི་མཚན་སྙན་ཐོས་མྱོང་བ་མ་ཟད་རྩོམ་ཡིག་དག་ཀྱང་མང་པོ་བཀླགས་མྱོང་མོད། འོན་ཏང་ཞལ་དངོས་སུ་མཇལ་རྒྱུའི་བསྐལ་བ་མ་བྱུང་། ༢༠༡༢ ལོའི་ལོ་མཇུག་ཙམ་ལ་ངེད་རྩོམ་སྒྲིག་ཁང་གིས་གདན་ཞུས་ལྟར་ཁོང་རྒྱས་འཛོམས་ཐོག་ཕེབས་ན་བསམ་ཚུལ་ལྷུག་བརྗོད་བྱས་པར་བརྟེན་ངེད་རྩོམ་སྒྲིག་པ་ཡང་ཁོང་གི་ཟུར་དུ་བཀའ་མོལ་གནང་བའི་གོ་སྐབས་དེའི་བརྒྱུད་ནས་ཁོང་ངོ་ཤེས་ཤིང་འགྲིག་པའི་གྲོགས་སུ་གྱུར། དེར་བརྟེན་ཁོང་གི་དཔྱོད་ཤེས་ཀྱི་རྩལ་ལས་འཐོན་དང་ཐོན་བཞིན་པའི་བརྩམས་ཆོས་སམ་རྩོམ་ཡིག་དག་གི་རིན་ཐང་ནི་ཕྱི་ནང་གི་རྩོམ་པ་པོ་མང་པོས་ཚད་མཐོན་པོའི་གདེང་འཇོག་བྱེད་བཞིན་འདུག་པས་འགྲེལ་བཤད་བྱ་དགོས་མ་མཆིས་སོ། ཞེས་ཆིག་སྒྲིལ་ལོ་དེབ་དང་དྲ་བའི་རྩོམ་སྒྲིག་པའི་མིང་ཙམ་འཛིན་པ་ལི་ཐང་དབྱིག་གཉེན་གྱིས་གུས་ཞབས་དང་བཅས་ཏེ་ངོ་སྤྲོད་ཞུས་པའོ།།