ཨེ་ཤི་ཡ་བདུན་རེའི་དུས་དེབ་ནང་གི་ཏཱ་ལའི་བླ་མ།

 

ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༩ ཉིན་ཧོང་ཀོང་ཨེ་ཤི་ཡ་བདུན་རེའི་དུས་དེབ་ (Asia Weekly)  ནང་། རྒྱ་ནག་དབུས་གཞུང་གི་ཏང་སློབ་སྤྱི་ཚོགས་ཚན་རིག་སློབ་དཔྱོད་ཁང་གི་སློབ་དཔོན་ཆེན་མོ་ཅིན་ཝུས་ ( Jin Wei ) ལ་ཆེད་དོན་བཅར་འདྲི་ཞིག་འགོད་སྤེལ་བྱས་པ་ལས། བོད་འབྲེལ་གནད་དོན་རང་ལུས་མེར་སྲེག་གི་སྐོར་དང་། བོད་རྒྱའི་དབར་གྲོས་མོལ་བསྐྱར་དུ་འགོ་འཛུགས་དགོས་རབས་སོགས་ལན་འདེབས་བྱས་པ་ཁག་ལ།  རྒྱ་གར་གྱི་དཔལ་འབྱོར་ཚགས་པར་ནང་ “མདུན་བསྐྱོད་ཀྱི་ལམ་ཁ་གསར་པ་ ( A new way forward ) ” ཟེར་བ་དང་། རྒྱ་གར་གྱི་དུས་བབ་ཚགས་པར་ནང་ “འབྲུག་གི་མཁྲེགས་འཛིན་( The Dragon’s steely grip) ” ཟེར་བ་དང་། དྲ་རྒྱ་ཞིག་གི་ནང་བཅར་འདྲི་དེ་དང་འབྲེལ་ནས་ “མུན་ནག་ནང་གི་འོད་སྣང་( Liggt in the darkness) ” ཟེར་བ་སོགས་རྩོམ་ཡིག་འདྲ་མིན་བྲིས་ཏེ། གང་ལྟར་རྒྱུད་ལམ་ཁག་མང་པོ་ཞིག་གི་ནང་གླེང་སློང་སྣ་ཚོགས་བྱས་ཡོད། སློབ་དཔོན་ཆེན་མོ་ཅིན་ཝུས་ཟེར་བའི་བུད་མེད་དེ་གྲངས་ཉུང་མི་རིགས་དང་བོད་ཀྱི་གནད་དོན་ཐད་ཞིབ་འཇུག་མང་པོ་བྱེད་མྱོང་མཁན་ཞིག་ཡིན་འདུག་པས། ཕྱོགས་གཅིག་ནས་མོའི་སྐད་ཆ་འགའ་ལ་བགྲོ་གླེང་བྱེད་རིན་ཆོག་པ་ཞིག་དང་། ཕྱོགས་གཞན་ཞིག་ནས་སྐད་ཆ་མང་ཆེ་བ་གུང་ཁྲན་ཏང་གི་སྲིད་བྱུས་ཁོ་ནའི་ཆེད་དུ་བཤད་ཡོད།  སློབ་དཔོན་ཅིན་ཝིས་ཀྱིས་བོད་དོན་དང་འབྲེལ་ནས་དྲི་བ་ཁག་བཅུ་གཅིག་ལ་ལན་འདེབས་བྱས་ཡོད་པ་རྣམས་ཞིབ་ཚགས་བཀླགས་ཏེ་དབྱེར་ཞིབ་ཅུང་ཟད་ཞུས་ཡོད།་་་་་་་་་་་་

དེ་ཡང་དྲི་བ་དང་པོ་ནས་རྒྱ་ནག་སྲིད་གཞུང་གིས་ཤོད་བཞིན་པའི་རྒྱུན་ལྡན་གྱི་སྐད་ཆ་རྣམས་བཤད་དེ་ལན་འདེབས་བྱས་ཡོད།  དྲི་བ་ལྔ་པའི་ལན་གྱི་མཇུག་ཏུ། “ཕྱི་ལོ་ ༢༠༡༠ ལོར་དབུས་སྲིད་གཞུང་དང་ཏཱ་ལའི་བླ་མའི་སྐུ་ཚབ་དབར་ཐེངས་དགུ་གྲོས་མོལ་བྱས་ཡོད་ཅིང་། ཕྱོགས་གཉིས་ཀྱིས་ནན་ཏན་དང་ལྷག་བསམ་ཟོལ་མེད་སྒོ་ནས། ཐུན་མོང་གིས་མ་འོངས་པའི་འཛུགས་སྐྲུན་རང་བཞིན་གྱི་གྲོས་མོལ་ལ་བསམ་གཞིགས་བྱེད་རྒྱུ་ནི། ཏཱ་ལའི་བླ་མའི་གནད་དོན་དང་བོད་དང་འབྲེལ་བའི་གནད་དོན་ཐག་གཅོད་བྱེད་པའི་ཆེས་ཡག་ཤོས་ཀྱི་ལམ་ཁ་དེ་རེད་” ཅེས་ཟེར། འདི་ལ་བལྟས་ན་ཅུང་ཟད་བློ་གཟུར་བོ་གནས་པ་དང་། ཕྱོགས་གཉིས་ཀའི་ཁེ་ཕན་ལ་དམིགས་ནས་སྐད་ཆ་ཤོད་ཀྱི་ཡོད་པའི་རྣམ་པ་ཡོད།

དྲི་བ་དྲུག་པའི་ནང་། “ཏཱ་ལའི་བླ་མས་མུ་མཐུད་དེ་གྲོས་མོལ་བྱེད་འདོད་ཡོད་ཅེས་གསུངས་ཡོད་པ་དེར་མངོན་འགྱུར་ཡོང་སྲིད་པའི་རེ་བ་ཇི་ཙམ་ཡོད་དམ་” ཟེར་བའི་ལན་དུ། “ཏཱ་ལའི་བླ་མ་ནི་བོད་དང་འབྲེལ་བ་ཡོད་པའི་གནད་དོན་གྱི་འགག་རྩའི་མི་སྣ་རེད། ང་སྒེར་གྱི་ངོས་ནས་ཕྱོགས་གཉིས་ཀྱིས་ལྷག་བསམ་ཟོལ་མེད་དང་ངོ་མ། འཛུགས་སྐྲུན་རང་བཞིན་གྱི་གྲོས་མོལ་བྱེད་རྒྱུ་ནི་ཧ་ཅང་དགོས་ངེས་ཤིག་རེད་སྙམ། ཕྱི་ལོ་ ༢༠༡༠ ལོའི་བར་དབུས་མི་དམངས་སྲིད་གཞུང་གི་སྐུ་ཚབ་དང་ཏཱ་ལའི་བླ་མའི་སྐུ་ཚབ་དབར་ཐེངས་ ༩ ལ་གྲོས་མོལ་བྱས་ཡོད་རུང་། ཕྱོགས་གཉིས་ཀྱིས་དོན་དངོས་རང་བཞིན་གྱི་ཡར་རྒྱས་སོང་མེད་པ་ངོས་འཛིན་བྱས་ཡོད། ཡིན་ནའང་། བོད་དང་འབྲེལ་བའི་གནད་དོན་ལ་བསམ་བློ་བཏང་ན། ང་སྒེར་གྱི་ངོས་ནས་ཡང་བསྐྱར་གྲོས་མོལ་འགོ་འཛུགས་དགོས་པའི་གྲོས་གཞི་འདོན་རྒྱུ་ཡིན་” ཟེར། གོང་གི་དྲི་བ་དང་ལན་གཉིས་ཀ་ཧ་ལམ་དངོས་ཡོད་ཀྱི་གནས་ཚུལ་ཆགས་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་རྒྱའི་གྲོས་མོལ་གྱི་ཆེད་དུ་ས་གནས་གང་དང་། དུས་ཚོད་ནམ་ཞིག་ལ་སྐད་བཏང་རུང་གྲ་སྒྲིག་ཆ་ཚང་ཡོད་ཅེས་ཡང་ཡང་བརྒྱུད་ལམ་ཁག་ཏུ་བསྒྲགས་དང་སྒྲོག་བཞིན་པ་དེ་དང་། དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་ནས་བོད་ཀྱི་གནད་དོན་ནམ་བོད་ཀྱི་དཀའ་རྙོག་སེལ་ཆེད་དུ་སྔ་ཕྱི་བར་གསུམ་དུ་འབད་བརྩོན་བྱེད་བཞིན་པ་དེའང་། རྒྱ་ནག་གཞུང་ཕྱོགས་ནས་གྲོས་མོལ་ལྷག་བསམ་ཟོལ་མེད་དང་ངོ་མ་ཞིག་ཡོང་ཐབས་ཀྱི་ཆེད་དུ་རེད། ལན་འདི་ཁོ་ནར་བལྟས་ན་སློབ་དཔོན་ཆེན་མོ་ཅིན་ཝུས་ཀྱི་སྐད་ཆར་བགྲོ་གླེང་བྱེད་འོས་སུ་མཐོང་ཡང་།  དེ་ནས་རིམ་གྱིས་ལན་འདེབས་རྣམས་ཕྱོགས་སུ་ལྷུང་ནས་སོང་བ་ལས་མཐུན་ཕྱོགས་ཀྱི་སྐད་ཆ་དེ་ཙམ་བཤད་མེད།

དྲི་བ་བདུན་པའི་ནང་། “གང་གི་སྐོར་ལ་གྲོས་མོལ་བྱེད་རྒྱུ་ཡིན་ནམ་” ཟེར་བའི་ལན་དུ། “རྩོད་གླེང་ཟུར་དུ་བཞག་” ཟེར་བ་དང་  “དབུ་མའི་ལམ་སོགས་ཆབ་སྲིད་ཀྱི་གྲོས་གཞི་ཟུར་དུ་བཞག་” ནས། ཏཱ་ལའི་བླ་མ་ཆོས་ལུགས་ཀྱི་དབུ་འཁྲིད་ཁོ་ནའི་མིང་ཐོག་ནས་ཧོང་ཀོང་དང་ཨོ་མིན་ལ་འཚམས་འདྲིར་ཕེབས་རྒྱུ་གྲོས་བསྡུར་བྱེད་ཆོག་པ་དང་། མ་འོངས་པར་ཏཱ་ལའི་བླ་མ་ཧོང་ཀོང་དུ་གཏན་སྡོད་བྱེད་རྒྱུར་བསམ་གཞིགས་བྱེད་ཆོག ཕྱི་ལོ་ ༢༠༡༡ ལོར་ཏཱ་ལའི་བླ་མ་ཆབ་སྲིད་ཐོག་ནས་རྒན་ཡོལ་དུ་སོང་ཡོད་ཅིང་། མིང་ཐོབ་ནི་ཆོས་ལུགས་ཀྱི་དབུ་འཁྲིད་ཁོ་ན་ཡིན་པ་དང་། ཆབ་སྲིད་ཀྱི་རྟགས་མཚན་རྦད་དེ་ཆུང་དུ་བཏང་ནས་ཆོས་ལུགས་ཀྱི་མིང་ཐོག་ནས་བྱ་སྤྱོད་སྤེལ་ཆོག གལ་སྲིད་བྱ་བར་ལམ་ལྷོང་བྱུང་ན། མ་འོངས་པར་གཅིག་བྱས་ན་ཏཱ་ལའི་བླ་མ་ཕྱིར་བོད་ཁུལ་དུ་འཚམས་འདྲི་ཕེབས་པ་ལ་བཀོད་སྒྲིག་བྱེད་རྒྱུར་བསམ་གཞིགས་བྱེད་ཆོག” ཟེར། དབུ་མའི་ལམ་སོགས་ཆབ་སྲིད་ཀྱི་གྲོས་གཞི་ཟུར་དུ་བཞག་ཟེར་བ་དེ་ནས།  གོང་དུ་དྲི་བ་དྲུག་པའི་ལན་ནང་། སློབ་དཔོན་ཅིན་ཝུས་ཀྱིས། ང་སྒེར་གྱི་ངོས་ནས་ཡང་བསྐྱར་གྲོས་མོལ་འགོ་འཛུགས་དགོས་པའི་གྲོས་གཞི་འདོན་རྒྱུ་ཡིན་ཞེས་པའི་གྲོས་མོལ་དེ།  རྒྱུན་ལྡན་བོད་ཕྱོགས་ནས་དགོས་འདུན་བཏོན་པའི་གྲོས་མོལ་དེ་མིན་པ་གསལ་པོ་ཆགས་ཡོད། ཅིན་ཝུས་ཀྱིས། ཏཱ་ལའི་བླ་མ་མཆོག་ཧོང་ཀོང་སོགས་སུ་གདན་འདྲེན་ཞུ་རྒྱུ་ལམ་ལྷོང་བྱུང་ན། བོད་ཁུལ་དུ་འཚམས་འདྲི་ཕེབས་པ་ལ་བཀོད་སྒྲིག་བྱེད་རྒྱུ་ཟེར་བའི་དམིགས་ཡུལ་གཙོ་བོ་དེ། ཏཱ་ལའི་བླ་མ་མཆོག་བེད་སྤྱད་ནས་བོད་ཁུལ་དུ་གནས་སྐབས་ལྷིང་འཇགས་ཡོང་ཐབས་དང་། ཕུགས་སུ་རྩོད་གླེང་གང་ཡང་མེད་པའི་ཐོག་ནས་བོད་མི་ཡོངས་རྫོགས་ཀྱི་ལུས་སེམས་གཉིས་ཀ་དབང་སྒྱུར་དང་ལྷིང་འཇགས་ཡོང་ཐབས་བྱ་རྒྱུ་བརྗོད་དོན་གཙོ་བོ་ཆགས་ཡོད།

གང་ཡིན་ཞེ་ན་ཁོང་གིས་མུ་མཐུད་ནས། “ཏཱ་ལའི་བླ་མའི་ཡང་སྲིད་རྒྱལ་ནང་ཁོ་ནར་འཁྲུངས་རྒྱུར་བརྩོན་ལེན་བྱེད་དགོས་ཤིང་། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་དགུང་ལོ་མཐོ་པོར་སླེབས་ཚར་ཡོད་པས། བོད་བརྒྱུད་ནང་བསྟན་གྱི་ཆོ་ག་ལྟར་ཡང་སྲིད་འཁྲུངས་པའི་གནད་དོན་མིག་གི་མདུན་དུ་སླེབས་ཡོད། མིག་སྔའི་གནས་བབ་ནི་ཏཱ་ལའི་བླ་མ་གཉིས་ཐོན་རྒྱུ་ཡིན་པ་དང་། རྒྱལ་ཁབ་ཕྱི་ནང་དང་རྒྱལ་ནང་དུ་ཡང་སྲིད་གཅིག་རེ་ངོས་འཛིན་བྱས་ཏེ་གནད་དོན་སྔར་ལས་རྙོག་འཛིང་ཆེ་རུ་འགྲོ་རྒྱུ་ཡིན་ཞིང་། བོད་ཁུལ་གྱི་བརྟན་ལྷིང་དང་བདེ་འཇགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་རེད། གལ་སྲིད་ཏཱ་ལའི་བླ་མའི་དཀའ་གནས་སེལ་ཐུབ་ཚེ། ཏཱ་ལའི་བླ་མའི་ཡང་སྲིད་རྒྱལ་ནང་དུ་འཁྲུངས་རྒྱུར་བརྩོན་ལེན་བྱེད་ཆོག ང་ཚོས་གསེར་བུམ་དཀྲུགས་ནས་ཡང་སྲིད་རྒྱལ་ནང་དུ་འཁྲུངས་རྒྱུར་ཚོད་འཛིན་བྱེད་ཐུབ་རུང་། ལོ་རྒྱུས་ཐོག་སྤྲུལ་སྐུ་རང་ངོས་ནས་རྗེས་འཛིན་པ་དམིགས་འཛུགས་བྱས་པའི་སྔོན་སྲོལ་ཡང་ཡོད་པས། པཎ་ཆེན་གཉིས་ཀྱི་ཅི་བྱ་གཏོལ་མེད་ཀྱི་གནས་ཚུལ་གང་ཐུབ་ཅི་ཐུབ་ཀྱིས་གཡོལ་ཐབས་བྱེད་དགོས་” ཟེར་བ་དེ་ནས། སློབ་དཔོན་ཆེན་མོ་གུང་ཁྲན་ཏང་གི་འཁྲབ་འཁྲིད་པ་གཙོ་གྲས་ཤིག་ཡིན་པ་རང་བཞིན་གྱིས་ཤེས་ཐུབ།  རྒྱ་ནག་དམར་ཕྱོགས་ཚོགས་པ་ལྷ་མེད་སྨྲ་བ་ཞིག་གིས་ལྷ་ཆོས་དང་འབྲེལ་བ་ཡོད་པ་ཞིག་དང་། དམིགས་སུ་བཀར་ནས་སྤྲུལ་སྐུའི་ཡང་སྲིད་ཀྱི་སྐོར་གཏམ་གླེང་དང་འཆར་འགོད་བྱས་དང་བྱེད་བཞིན་པ་རྣམས་ལྟ་གྲུབ་དང་འགྲོ་སྟངས་ཀྱི་ཆ་ནས་ཡ་མཚན་པ་ཞིག་ཡིན་རུང་། ཆབ་སྲིད་ཀྱི་དགོས་མཁོའི་ཆེད་དུ་རྒྱ་ནག་གཞུང་གིས་ག་རེ་ཡིན་ཡང་བྱས་ཡོད་ལ་ད་དུང་ཡང་བྱེད་སྲིད།

དེ་ཡང་ཏཱ་ལའི་བླ་མའི་ཡང་སྲིད་རྒྱལ་ནང་ཁོ་ནར་འཁྲུངས་རྒྱུར་བརྩོན་ལེན་རྒྱ་ནག་གཞུང་གིས་སྔོན་དུས་ནས་བྱས་ཡོད་པ་དང་།  རྒྱ་ནག་གི་དཔོན་རིགས་ཚོས། བོད་མི་མང་གི་ལུས་སེམས་གཉིས་ཀ་དབང་དུ་བསྡུ་ཆེད་དུ་གནད་དོན་དེ་ནི་རྨི་ལམ་ནང་དུའང་འཁོར་བཞིན་ཡོད།  དཔེར་ན། ཕྱི་ལོ་ ༢༠༠༧  ཟླ་ ༩ ཚེས་ ༡ ནས་ལག་བསྟར་བྱས་པའི་བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་ཀྱི་བཀའ་རྩ་ཨང་ལྔ་པ་ཟེར་བ་སོགས་ནི། སློབ་དཔོན་ཅིན་ཝུས་ཀྱིས་བཤད་པ་ལྟར་བརྩོན་ལེན་གཅིག་ལ་ངོས་འཛིན་བྱེད་ཆོག  ད་དུང་སློབ་དཔོན་ཅིན་ཝུས་ཀྱི་འདོད་པ་ལྟར་ན། ཏཱ་ལའི་བླ་མ་ཆོས་ལུགས་ཀྱི་དབུ་འཁྲིད་ཁོ་ནའི་མིང་ཐོག་ནས་ཧོང་ཀོང་དང་ཨོ་མིན་ལ་འཚམས་འདྲིར་ཕེབས་རྒྱུ་གྲོས་བསྡུར་དང་། དེ་ནས་མ་འོངས་པར་ཏཱ་ལའི་བླ་མ་ཧོང་ཀོང་དུ་གཏན་སྡོད་བྱེད་རྒྱུར། གལ་སྲིད་བྱ་བ་དེ་དག་ལམ་ལྷོང་བྱུང་ན། ཏཱ་ལའི་བླ་མ་ཕྱིར་བོད་ཁུལ་དུ་འཚམས་འདྲི་ཕེབས་པ་ལ་བཀོད་སྒྲིག་བྱེད་རྒྱུ་སོགས། རྒྱ་ནག་གཞུང་གིས་གང་འདོད་ལྟར་བྱེད་ཐུབ་ཚེ། ཁོང་གི་ཡང་སྲིད་ཕེབས་ཕྱོགས་ཀྱང་རྒྱ་ནག་གཞུང་གིས་གང་འདོད་ལྟར་བྱེད་ཐུབ་རྒྱུའི་དམིགས་ཡུལ་དང་།  དེ་ཐུབ་ན་རྒྱ་ནག་གཞུང་གིས་ “ཏཱ་ལའི་བླ་མའི་དཀའ་གནས་སེལ་ཐུབ་དགོས་” ཞེས་བརྗོད་བཞིན་པ་ལྟར། དཀའ་གནས་སེལ་འགྲོ་བར་ཚོད་དཔག་བྱེད་ཀྱི་ཡོད།  དེས་ན་མིག་སྔའི་གནས་བབ་ནི་ཏཱ་ལའི་བླ་མ་གཉིས་ཐོན་རྒྱུ་ཡིན་པ་དང་། རྒྱལ་ཁབ་ཕྱི་ནང་དང་རྒྱལ་ནང་དུ་ཡང་སྲིད་གཅིག་རེ་ངོས་འཛིན་བྱས་ཏེ་གནད་དོན་སྔར་ལས་རྙོག་འཛིང་ཆེ་རུ་འགྲོ་རྒྱུ་ཡིན་པ། བོད་ཁུལ་གྱི་བརྟན་ལྷིང་དང་བདེ་འཇགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་པ་སོགས། སློབ་དཔོན་ཅིན་ཝུས་དང་རྒྱ་གཞུང་གིས་སེམས་ཁྲལ་བྱེད་བཞིན་པ་ཁག་གཙང་སེལ་འགྲོ་རྒྱུ་ཡིན་པའི་རེ་བ་བྱེད་ཀྱི་ཡོད།

གལ་སྲིད་དེ་ལྟར་མ་ཐུབ་ཚེ་བོད་མིའི་སྒྲིག་འཛུགས་དང་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོས་ཏཱ་ལའི་བླ་མའི་ཡང་སྲིད་གཅིག་ངོས་འཛིན་བྱེད་ངེས་པ་དང་། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོ་དང་བོད་ཀྱི་གནད་དོན་འཛམ་གླིང་ཐོག་མེད་པ་བཟོ་ཆེད་དུ་ཏཱ་ལའི་བླ་མའི་ཡང་སྲིད་གཅིག་ངོས་འཛིན་བྱེད་ངེས་ཡིན། དེས་ན་པཎ་ཆེན་བླ་མའི་གནད་དོན་ལྟར་ཏཱ་ལའི་བླ་མ་གཉིས་ཆགས་ངེས་པ་དང་། སློབ་དཔོན་ཅིན་ཝུས་ཀྱིས་བཤད་པ་ལྟར། “པཎ་ཆེན་གཉིས་ཀྱི་ཅི་བྱ་གཏོལ་མེད་ཀྱི་གནས་ཚུལ་གང་ཐུབ་ཅི་ཐུབ་ཀྱིས་གཡོལ་ཐབས་བྱེད་དགོས་” ཞེས་པར། རྒྱ་ནག་གཞུང་གཡོལ་ཐུབ་མེད་པ་དང་ཅི་བྱ་གཏོལ་མེད་ཀྱི་གནས་ཚུལ་གཞན་ཞིག་ཐོན་པ་རེད། དེས་ན་གནད་དོན་སྔར་ལས་རྙོག་འཛིང་ཆེ་རུ་འགྲོ་རྒྱུ་ཡིན་ཞིང་། བོད་ཁུལ་གྱི་བརྟན་ལྷིང་དང་བདེ་འཇགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་རེད། ད་ལྟའི་སྐབས་དངོས་སུ་མཐོང་ཐུབ་པ་ནི། པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་༧གོང་ས་མཆོག་གིས་ངོས་འཛིན་གནང་པ་དེ། བོད་མི་ཚོ་དང་འདྲིས་གཤིབ་སོགས་ཀྱི་གོ་སྐབས་ཐོབ་མེད་རུང་། བོད་མི་ཚོའི་སེམས་ནང་ཁོང་གི་གནས་བབ་དེ་ད་དུང་ཡང་སྐུ་གོང་མ་བཞིན་དུ་གནས་ཡོད་པ་དེ་དང་།  རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་བླ་མ་རྒྱལ་མཚན་ནོར་བུ། བོད་ཀྱི་དགོན་སྡེ་ཁག་ནང་རང་དབང་གི་ཐོག་ནས་འགྲོ་བསྐྱོད་མི་ཐུབ་པའི་གནས་ཚུལ་འདི་ཁོ་ན་ལས་ཤེས་ཐུབ་པ་དང་། རྒྱ་ནག་སྲིད་གཞུང་དང་སློབ་དཔོན་ཅིན་ཝུས་གཉིས་ཀས་དེ་ལྟར་ཡོང་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད།

ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༡༦ ཉིན་པེ་ཅིང་དུ་ཡོད་པའི་བྷི་བྷི་སཱིའི་ ( BBC ) གསར་འགོད་པ་ཇཱམ་སི་རཱི་ནོལ་ཌི་ ( James Reynolds ) ལགས་ཀྱིས། <<ཏཱ་ལི་བླ་མའི་ཡང་སྤྲུལ་>> ཞེས་པའི་རྩོམ་ཡིན་ནང་། “་་་གལ་སྲིད་ངས་རྒྱལ་མཚན་ནོར་བུ་ཞེས་མིང་ནས་འབོད་ན་ཁྱེད་ཀྱིས་ཁོང་སུ་ཡིན་མིན་ཕལ་ཆེར་ཤེས་མདོག་ཁག་པོ་མ་རེད། རྒྱ་ནག་གཞུང་ཕྱོགས་ནས་ཕོ་གཞོན་འདིས་མ་འོང་བོད་ཀྱི་གནས་དོན་ཡོངས་རྫོགས་རྒྱ་ནག་གི་བསམ་འདུན་བཞིན་ཐག་གཅོད་བྱེད་ཐུབ་ཐབས་ལ་ཧ་ཅང་རེ་བ་ཆེན་པོ་བྱེད་བཞིན་ཡོད། རྒྱལ་མཚན་ནོར་བུ་ནི་ཕྱི་ལོ་ ༡༩༩༥ ལོར་རྒྱ་ནག་དམར་ཕྱོགས་ཚོགས་པས་པཎ་ཆེན་སྐུ་ཕྲེང་ ༡༠ པའི་ཡང་སྤྲུལ་དུ་ངོས་འཛིན་བྱས་པ་ཞིག་ཡིན་ཞིང༌། བོད་རྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ལྟར་བྱེད་ན་ཁོང་གི་གོ་གནས་ཏཱ་ལའི་བླ་མའི་རྗེས་ཀྱི་བླ་ཆེན་གཉིས་པ་དེ་ཡིན་ཞིང༌། ཁྱེད་ཀྱི་ཤེས་འགྱུར་བཞིན་ད་ལྟའི་ཏཱ་ལའི་བླ་མ་འདི་ནི་རྒྱ་ནག་གི་དགྲ་བོ་ལྟ་བུར་ངོས་འཛིན་བྱེད་བཞིན་ཡོད་ལ་ཁོང་ད་ལྟ་དགུང་ལོ་ ༧༣ ལ་ཕེབས་ཡོད་པས། ནམ་ཞིག་ཁོང་སྐུ་འཚོ་བཞུགས་མེད་པའི་སྐབས། ད་ལྟའི་པཎ་ཆེན་བླ་མ་འདིས་ཁོང་གི་དབང་ཆ་ཡོངས་སུ་རྫོགས་པ་གཟེངས་སུ་ཐོན་པའི་ངང་བདག་གིར་བྱེད་ཐུབ་པར་རྒྱ་ནག་དམར་ཕྱོགས་ཚོགས་པས་རེ་བ་རྒྱག་བཞིན་ཡོད། སྲོལ་རྒྱུན་གྱི་འགྲོ་སྟངས་ལྟར་བྱེད་ན་ཏཱ་ལའི་བླ་མའི་ཡང་སྤྲུལ་པཎ་ཆེན་བླ་མས་ངོས་འཛིན་བྱེད་སྲོལ་ཡོད་པས། ནམ་ཞིག་དུས་ལ་བབས་སྐབས་རྒྱ་ནག་གཞུང་གིས་ད་ལྟའི་པཎ་ཆེན་བླ་མར་ཏཱ་ལའི་བླ་མའི་ཡང་སྤྲུལ་ངོས་འཛིན་བྱེད་དགོས་པའི་སྐུལ་ལྕག་གཏོང་ངེས་ཡིན་ལ། ལོ་བཅུ་ཕྲག་གཉིས་ཙམ་གྱི་རྗེས་སུ་རྒྱ་ནག་གིས་རྒྱབ་རྩ་བྱེད་བཞིན་པའི་པཎ་ཆེན་བླ་མ་འདིས་ངོས་འཛིན་བྱས་པའི་ཏཱ་ལའི་བླ་མའི་ཡང་སྤྲུལ་དེའང་། ད་ལྟའི་པཎ་ཆེན་བླ་མ་བཞིན་རྒྱ་ནག་དབུས་གཞུང་གི་ཆབ་སྲིད་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཆགས་རྒྱུར་རེ་བ་རྒྱག་བཞིན་ཡོད་པ་རེད་” ཅེས་སོགས་བྲིས་ཡོད་པ་དེ་རྒྱ་ནག་གི་དམིགས་ཡུལ་གྱི་ཕྱོགས་གཅིག་རེད། རྩོམ་ཡིག་འདི་སློབ་དཔོན་ཆེན་མོའི་ཅིན་ཝུས་ཀྱི་སྐད་ཆ་ལ་ལན་འདེབས་ཆགས་ཀྱི་འདུག་པས་ཁ་སྣོན་ཙམ་ཡིན།

ཡང་སློབ་དཔོན་ཅིན་ཝུས་ཀྱིས། “ང་ཚོས་གསེར་བུམ་དཀྲུགས་ནས་ཡང་སྲིད་རྒྱལ་ནང་དུ་འཁྲུངས་རྒྱུ་དང་ཕྱི་ཕྱོགས་ལ་ཚོད་འཛིན་བྱེད་ཆོག་རུང་། ལོ་རྒྱུས་ཐོག་སྤྲུལ་སྐུ་རང་ངོས་ནས་རྗེས་འཛིན་པ་དམིགས་འཛུགས་བྱས་པའི་སྔོན་སྲོལ་ཡང་ཡོད་” ཟེར་བ་དེ་ནི། རྒྱ་ནག་གཞུང་ལ་འགྲམ་ལྕགས་ཚ་ཐག་ཆོད་གཅིག་གཞུས་པ་རེད་ལ། སྐད་ཆ་དེ་ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཀྱང་གང་འཚམས་ཡོད། གསེར་བུམ་དཀྲུགས་འདོན་ཟེར་བའི་དོན་ངོ་མ་གང་འདྲ་ཞིག་ཡིན་ནམ།  ཕྱི་ལོ་ ༡༧༩༡ ནས་ ༡༧༩༣ བར་གོར་བོད་གཉིས་དབར་དམར་འཁྲུག་ལངས་པའི་སྐབས། བོད་གཞུང་གིས་མན་ཇུའི་གོང་མའི་དམག་རོགས་གཉེར་དགོས་བྱུང་ཡོད། གོར་དམག་མཐར་སྐྲོད་པའི་རྗེས་མན་ཇུའི་དཔོན་རིགས་ཚོས་བོད་གཞུང་གི་འཛིན་སྐྱོང་ཚུགས་ཚུད་ཡོང་ཐབས་ལ་ཁ་གཡར་ནས། གྲོས་འདེབས་དོན་ཚན་ ༢༩ ཡོད་པ་ཞིག་བཏོན་པའི་ནང་དུ། ཏཱ་ལའི་བླ་མ་དང་པཎ་ཆེན་བླ་མ། གཞན་ཡང་ཧོ་ཐོ་ཐུ་རྣམས་ཀྱི་ཡང་སྲིད་གསེར་བུམ་དཀྲུགས་ཏེ་ཐག་གཅོད་དགོས་པའི་གྲོས་འདུན་བཏོན་ཡོད། དེར་བརྟེན་རྒྱལ་དབང་དང་པཎ་ཆེན་རྣམ་གཉིས་ཀྱི་སྐུ་ཕྲེང་རེ་ཟུང་དང་བླ་ཆེན་གཞན་གང་འཚམས། གསེར་བུམ་དཀྲུགས་འདོན་བྱས་པ་དང་གསེར་བུམ་དཀྲུགས་འདོན་གྱི་ཆོ་ག་རྒྱལ་བ་འཇམ་དཔལ་རྒྱ་མཚོས་ལྗགས་རྩོམ་མཛད་ཡོད་འདུག  འོ་ན་གསེར་བུམ་དཀྲུགས་འདོན་གྱི་ལམ་ལུགས་དེས་ཏཱ་ལའི་བླ་མ་དང་པཎ་ཆེན་བླ་མ་གཉིས་ཀྱི་སྐུ་ཕྲེང་ན་རིམ་ནང་ཇི་ཙམ་ངོས་འཛིན་བྱས་ཡོད་དམ།

ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཅིག་པ་ཁོ་ན་མ་གཏོགས་གསེར་བུམ་དཀྲུགས་འདོན་གྱིས་ངོས་འཛིན་ཞུས་པ་མེད། དེ་ཡང་སྐུ་ཕྲེང་བཅུ་པའི་ཡང་སྲིད་གསེར་བུམ་དཀྲུགས་ནས་ངོས་འཛིན་ཞུས་མེད་ཀྱང་། མན་ཇུའི་གཡར་ངོ་མ་ལྡོག་པར་གསེར་བུམ་དཀྲུགས་ཡོད་ཚུལ་གསལ་བསྒྲགས་ཙམ་བྱས་དགོས་བྱུང་ཡོད། སྐུ་ཕྲེང་བཅུ་གཉིས་པ་གསེར་བུམ་དཀྲུགས་ནས་ངོས་འཛིན་ཞུས་ཡོད་ཟེར་ཡང། དོན་དུ་གསེར་བུམ་མ་དཀྲུགས་གོང་དུ་གཏན་འཁེལ་ཟིན་པར་བརྟེན། རྒྱལ་དབང་སྐུ་ཕྲེང་ན་རིམ་ནང་གསེར་བུམ་དཀྲུགས་འདོན་གྱི་ལམ་ནས་ངོས་འཛིན་བྱས་པ་གཅིག་ཁོ་ན་ལས་བྱུང་མེད། དེ་བཞིན་པཎ་ཆེན་བླ་མ་སྐུ་ཕྲེང་ན་རིམ་ནང་བརྒྱད་པ་དང་དགུ་པ་གཉིས་མ་གཏོགས་གཞན་རྣམས་གསེར་བུམ་དཀྲུགས་འདོན་གྱིས་ངོས་འཛིན་བྱས་མེད།  ཅིན་ཝུས་ཀྱིས། ལོ་རྒྱུས་ཐོག་སྤྲུལ་སྐུ་རང་ངོས་ནས་རྗེས་འཛིན་པ་དམིགས་འཛུགས་བྱས་པའི་སྔོན་སྲོལ་ཡང་ཡོད་ཟེར་བ་དེ་ནི་དངོས་ཡོད་ཀྱི་གནས་ཚུལ་ཡིན། ཕྱི་ལོ་བརྒྱ་ཕྲག་བཅུ་གསུམ་པའི་འགོ་སྟོད་དུ་ཀརྨ་པ་དུས་གསུམ་མཁྱེན་པའི་ལུང་མཐུན་ཡང་སྤྲུལ་ངོས་འཛིན་བྱས་ནས་བཟུང་། ད་ལྟའི་བར་མི་ལོ་ ༨༠༠ བརྒལ་བའི་རིང་བོད་ཀྱི་བླ་སྤྲུང་ཡང་སྲིད་ངོས་འཛིན་གྱི་ལོ་རྒྱུས་ནང་སྤྲུལ་སྐུ་རང་ངོས་ནས་རྗེས་འཛིན་པ་དམིགས་འཛུགས་བྱས་པའི་ལོ་རྒྱུས་མང་པོ་མཇལ་རྒྱུ་ཡོད། དཔེར་ན། བླ་སྤྲུལ་གང་ཞིག་དགོངས་པ་གཞན་དོན་དུ་གཤེགས་ལ་ཉེ་བའི་སྐབས། ཡང་སྲིད་ངོས་འཛིན་གནང་ཕྱོགས་ཀྱི་ཞལ་གདམས་བཞག་པ་དང་ལམ་སྟོན་ནམ་བརྡ་མཚོན་བསྟན་པ་སོགས་ཡོད། ད་དུང་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དང་བཅོ་བརྒྱད་ཁྲི་ཆེན་ངག་དབང་མཁྱེན་རབ་སོགས། སྐུ་ཚེ་འདི་དགོངས་པ་མ་རྫོགས་པའི་སྔོན་དུ་མ་འདས་སྤྲུལ་སྐུ་ཕེབས་པའང་བྱུང་ཡོད་པས། ཅིན་ཝུས་ཀྱིས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་ཐབས་ལམ་ལ་ཞིབ་འཇུག་བྱས་ཡོད་པའི་རྣམ་པར་མངོན།

ད་དུང་དེ་ལས་ཀྱང་ཁ་གསལ་བ་ཞིག་ནི་དྲི་བ་བརྒྱད་པའི་ནང་། “ཁྱེད་རང་གི་བསམ་པར་དེའི་དོན་སྙིང་གང་ཞིག་རེད་དགོངས་ཀྱི་ཡོད་དམ་” ཞེས་པའི་ལན་དུ། སློབ་དཔོན་ཅིན་ཝུས་ཀྱིས། “ཏཱ་ལའི་རྗེས་ཀྱི་དུས་སྐབས་སུ་ནུབ་ཕྱོགས་རྒྱལ་ཁབ་མང་ཚོགས་ཀྱིས་ཀུན་ཁྱབ་རིན་ཐང་ལ་དམིགས་ནས་ཏཱ་ལའི་བླ་མར་ཞེན་ཆགས་པ་རིམ་བཞིན་ཇེ་ཞན་དུ་འགྲོ་ངེས་ཡིན་པ་དང་། བོད་དང་འབྲེལ་བའི་གནད་དོན་ཐོག་རྒྱལ་སྤྱིའི་གནོན་ཤུགས་རིམ་བཞིན་ཇེ་ཆུང་དུ་འགྲོ་ངེས་ཡིན་པ་རེད། ནང་སའི་བོད་རིགས་ཚོགས་སྡེ་ལ་ཆོས་ལུགས་ཀྱི་ཆོ་ག་ལྟར་བྱུང་བའི་དད་པ་བྱེད་ཡུལ་ཏཱ་ལའི་བླ་མ་ཡོད་ན། སེམས་ཁྲལ་དང་ངར་ཤུགས་སོགས་ཞི་ལྷོད་དུ་འགྲོ་སྲིད། ཏཱ་ལའི་བླ་མའི་རྗེས་ཀྱི་དུས་སྐབས་སུ་རྒྱལ་ཁབ་ཕྱི་ལོགས་ཀྱི་བཙན་བྱོལ་བོད་མིའི་སྲིད་གཞུང་ཐལ་དྲགས་པའི་དྲག་ཤུགས་ཀྱི་ལམ་ཁར་འགྲོ་སྲིད་པ་དང་། ད་དུང་ཐལ་དྲགས་པའི་སྒྲིག་འཛུགས་གཞན་དང་ལག་འབྲེལ་བྱེད་སྲིད། ཡིན་ནའང་གལ་སྲིད་ང་ཚོ་ཏཱ་ལའི་བླ་མའི་དཀའ་ངལ་སེལ་ཐུབ་ཚེ། <<ངལ་ཆུང་འབྲས་ཆེའི་>> ནུས་པ་ཐོན་ཐུབ་པ་དང་རྒྱལ་ཁབ་ཕྱི་ལོགས་ཀྱི་ཁ་བྲལ་གྱི་སྟོབས་ཤུགས་ཁ་ཐོར་དུ་གཏོང་ཐུབ་” ཟེར།

སློབ་པོན་ཅིན་ཝུས་ཀྱི་བསམ་པར། ད་ལྟའི་སྐབས་ཏཱ་ལའི་བླ་མ་མཆོག་ལ་ནུབ་ཕྱོགས་མི་མང་དང་རྒྱལ་ཁབ་ཚོས་རྒྱབ་སྐྱོར་དང་དགའ་ཞེན་ཆེན་པོ་བྱེད་བཞིན་པ་དེ། ཁོང་གི་ཀུན་ཁྱབ་རིན་ཐང་ལ་ཞེན་ཆགས་ནས་རྒྱབ་སྐྱོར་སོགས་བྱེད་ཀྱི་ཡོད་པ་དང་། ནམ་ཞིག་ཁོང་སྐུ་འཚོ་བཞུགས་མེད་པའི་སྐབས་ནུབ་ཕྱོགས་ཀྱི་ཞེན་ཆགས་དང་རྒྱབ་སྐྱོར་རིམ་བཞིན་ཇེ་ཆུང་དུ་འགྲོ་ངེས་པ་དང་། དེ་དང་མཉམ་དུ་བོད་དང་འབྲེལ་བའི་གནད་དོན་གྱི་ཐད་ལའང་རྒྱབ་སྐྱོར་ཇེ་ཞན་དུ་འགྲོ་ངེས་ཡིན་པའི་ཚོད་དཔག་བྱས་ཡོད།            གནས་སྟངས་དེ་འདྲའི་སྐབས། ཏཱ་ལའི་བླ་མའི་ཡང་སྲིད་རྙོག་གྲ་གང་ཡང་མེད་པའི་ཐོག་ནས་རྒྱ་གཞུང་གིས་ངོས་འཛིན་བྱས་ཐུབ་ཡོད་ན།  ཕྱོགས་གཅིག་ནས་ཏཱ་ལའི་བླ་མའི་རྗེས་སུ་བོད་ཀྱི་གནད་དོན་ལ་ཕྱིའི་རྒྱབ་སྐྱོར་དང་ཞེན་ཆགས་མེད་པ་ཆགས་ནས། རྒྱ་ནག་དམར་ཤོག་སྲིད་གཞུང་རྒྱལ་ཁབ་གཅིག་འཐོབ་རྒྱུ་དང་།  ཕྱོགས་གཞན་ཞིག་ནས་བོད་མི་ཚོར་རང་ཉིད་ཀྱི་དད་པ་བྱ་ཡུལ་སངས་རྒྱས་དངོས་དེ་རང་ཉིད་ཀྱི་མིག་མདུན་དུ་ཡོད་པས། སེམས་ལྷོད་དུ་བབ་ལ་ངར་ཤུགས་འཇམ་དུ་སོང་ནས། ཁྲོམ་སྐོར་གྱི་ངོ་རྒོལ་དང་རང་ལུས་མེར་སྲེག་གི་ངོ་རྒོལ་ཆེན་མོ་སོགས་མེད་པ་ཆགས་སྲིད་པ་དང་།  དེ་ནས་རྒྱ་ནག་སྲིད་གཞུང་གི་རྣ་མཆོག་ནང་འཐབ་རྩོད་ངོ་རྒོལ་གྱི་འབོད་སྒྲ་མེད་ལ། ནུབ་ཕྱོགས་པ་ཚོས་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་དམོད་ཚིག་མེད་པ་ཆགས་ངེས་པ་སོགས། རྒྱ་ནག་དམར་ཤོག་སྲིད་གཞུང་ལ་རྒྱལ་ཁ་གཞན་ཞིག་འཐོབ་རྒྱུ་ཡིན་པ་དེ། སློབ་དཔོན་ཅིན་ཝུས་ཀྱི་བརྗོད་དོན་གཙོ་བོ་གཅིག་རེད།

ད་དུང་སློབ་དཔོན་ཅིན་ཝུས་ཀྱིས་ལྡོག་ཕྱོགས་ནས་བསམ་བློ་གཞན་ཞིག་བཏང་ཡོད་པ་ནི། ཏཱ་ལའི་བླ་མའི་རྗེས་སུ་ད་དུང་རྒྱལ་ཁབ་ཕྱི་ལོགས་ཀྱི་བཙན་བྱོལ་བོད་མིའི་སྲིད་གཞུང་ཡོད་པ་དང་། དེའི་ནང་དེང་རབས་དང་སྲོལ་རྒྱུན་གྱི་སློབ་སྦྱོང་ཡོད་མཁན་དང་འཐབ་རྩོད་ཀྱི་ནུས་པ་ལྡན་པའི་མི་མང་པོ་ཡོད་པས་ཁོ་ཚོས་གང་བྱེད་ཀྱི་རེད་དམ། རྒྱུན་ལྡན་ནས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཐོན་བཞིན་པ་ལྟར། ཏཱ་ལའི་བླ་མ་མཆོག་སྐུ་འཚོ་བཞུགས་སྐབས། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་སེལ་བའི་ཐབས་ལམ་འཚོལ་དགོས་པ་དང་། གལ་ཏེ་ཁོང་མ་བཞུགས་པའི་སྐབས་དེང་རབས་ཀྱི་སློབ་སྦྱོང་ཐོབ་པའི་ན་གཞོན་ཚོས་གང་ཡང་བྱེད་སྲིད་ལ། རི་ལུག་པར་ཐག་པས་མི་འདུམ་ཟེར་བ་ཆགས་སྲིད་ཅེས་ཡང་ཡང་བརྗོད་ཀྱི་ཡོད་པ་བསམ་བློར་འཁོར་ནས།  མོས། “ཏཱ་ལའི་བླ་མའི་རྗེས་སུ་ཁོ་ཚོ་ཐལ་དྲགས་པའི་དྲག་ཤུགས་ཀྱི་ལམ་ཁར་འགྲོ་སྲིད་པ་དང་། ད་དུང་ཐང་དྲགས་པའི་སྒྲིག་འཛུགས་གཞན་དང་ལག་འབྲེལ་བྱེད་སྲིད་” ཅེས་སྐད་ངན་ཤོར་ཡོད།  ཡིན་ནའང་གལ་སྲིད་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་དཀའ་ངལ་སེལ་ཐུབ་ཚེ། <<ངལ་ཆུང་འབྲས་ཆེའི་>> ནུས་པ་ཐོན་ཐུབ་པ་སྟེ། ནུབ་ཕྱོགས་སོགས་ཕྱི་ཕྱོགས་ཀྱི་རྒྱབ་སྐྱོར་ཇེ་ཞན་ནས་མེད་པ་ཆགས་པ། བོད་ནང་གི་བོད་མི་ཚོར་ཏཱ་ལའི་བླ་མ་མདུན་དུ་ཡོད་པས་རྒྱ་གཞུང་གིས་ཏཱ་ལའི་བླ་མ་བེད་སྤྱད་ནས་བོད་མི་ཞི་ལྷོད་དུ་བཏང་ཐུབ་པ། བཙན་བྱོལ་དུ་ཡོད་པའི་བོད་མི་ཚོར་བོད་ནང་གི་བོད་མི་དང་ཏཱ་ལའི་བླ་མའི་རྒྱབ་སྐྱོར་མེད་ན།  ཁོང་ཚོས་གང་ཡང་བྱེད་ཐབས་མེད་ལ་བྱེད་པར་དགོས་པ་དང་དམིགས་ཡུལ་མེད་པ་ཆགས་ངེས་པས།  རྒྱལ་ཁབ་ཕྱི་ལོག་གི་ཁ་བྲལ་གྱི་སྟོབས་ཤུགས་ཁ་ཐོར་དགུ་ཐོར་གཏོང་ཐུབ། དེས་ན་རྒྱ་ནག་ལ་དོན་དམ་གྱི་རྒྱལ་ཁབ་ཐོབ་ངེས་པ་དེ། སློབ་དཔོན་ཅིན་ཝུས་ཀྱི་བརྗོད་དོན་གཙོ་བོ་གཅིག་རེད།

སློབ་དཔོན་ཅིན་ཝུས་ཀྱིས་གོང་དུ། ད་ལྟ་སྐུ་འཚོ་བཞུགས་ཡིན་པའི་ཏཱ་ལའི་བླ་མ་ཆོས་ལུགས་ཀྱི་མིང་ཐོག་ནས་ཧོང་ཀོང་དང་། དེ་ནས་སྟབས་འགྲིག་ན་ཧོང་ཀོང་དུ་གཏན་འཇགས་བཞུགས་རྒྱུ། ད་དུང་དེ་ལས་བཟང་བ་བྱུང་ན་བོད་དུ་ཕེབས་རྒྱུ་སོགས་བང་སྒྲིག་ནས།  མཐར་ཐུག་ཁོང་གི་ཡང་སྤྲུལ་རྒྱ་ནག་གཞུང་གིས་སྟངས་འཛིན་བྱེད་ཐུབ་ན། དེ་ནས་བོད་ཀྱི་གནད་དོན་དང་འབྲེལ་བའི་དཀའ་རྙོག་ཡོངས་རྫོགས་མེད་པ་ཆགས་རྒྱུའི་ཡིན་སྐོར་འགྲེལ་བརྗོད་ཞིབ་ཚགས་བརྒྱབ་པར་བརྟེན། གསར་འགོད་པས་མུ་མཐུད་ནས་དྲི་བ་དགུ་པའི་ནང་།  “ཏཱ་ལའི་བླ་མ་ཕྱིར་རྒྱལ་ནང་དུ་ལོག་པའི་རེ་བ་ཡོད་དམ་” ཞེས་པ་དེ་རང་བཞིན་གྱིས་ཤོར་བ་རེད། དྲི་བའི་ངོ་གདོང་བལྟས་ན་གསར་འགོད་པ་དེས། རྒྱ་ནག་གཞུང་གི་འཆར་གཞི་དང་སློབ་དཔོན་ཅིན་ཝུས་ཀྱི་བསམ་ཚུལ་ལྟར་ཏཱ་ལའི་བླ་མ་བོད་དུ་ཕེབས་ཐུབ་ན། རྒྱ་ནག་གཞུང་དམངས་གཉིས་ལ་དགེ་ཕན་ཆེན་པོ་དེ་འདྲ་ཡོད་འདུག་བསམ་ནས། དྲི་བ་དེ་རེ་བ་དང་བཅས་ཏེ་ཤོར་བའི་རྣམ་པ་ཡོད།

དྲིས་ལན་དོན་བསྡུས་ན། སློབ་དཔོན་ཅིན་ཝུས་ཀྱིས། “ཏཱ་ལའི་བླ་མ་ཕྱིར་རྒྱལ་ནང་དུ་ལོག་རྒྱུའི་གནད་དོན་ཐད་དཔྱད་དཔོག་གཉིས་བྱེད་དགོས། དང་པོ། ནན་ཏན་གྱིས་བོད་རིགས་མང་ཚོགས་ས་ཡ་དྲུག་གིས་གུང་ཁྲན་ཏང་ལ་ཡིད་ཆེས་དང་བརྩེ་སེམས་ལ་དཔྱད་དཔོག་བྱེད་དགོས། གཉིས་པ། ཡང་དག་པའི་སྒོ་ནས་བོད་རིགས་མང་ཚོགས་ཀྱི་ཏཱ་ལའི་བླ་མར་གུས་བཀུར་དང་བརྩེ་སེམས་ལ་དཔྱད་དཔོག་བྱེད་དགོས། རང་ཉིད་ཀྱིས་བོད་ཁུལ་དུ་ཐེངས་མང་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བ་ནི། ཚེ་འདིར་གུང་ཁྲན་ཏང་ལ་བརྟེན་དགོས་པ་དང་ཚེ་ཕྱི་མར་ཏཱ་ལའི་བླ་མར་བརྟེན་དགོས་ཞེས། བོད་མི་མང་ཚོགས་དཀྱུས་མས་བཤད་པའི་ཐེངས་མང་ཤོས་དང་ཐད་ཀར་གྱི་སྐད་ཆ་དེ་རེད་” ཅེས་དང་། “གུང་ཁྲན་ཏང་གིས་དཔལ་འབྱོར་འཛུགས་སྐྲུན་དང་དངོས་པོ་བཅས་ལ་ལས་དོན་ཅི་འདྲ་བསྒྲུབས་པ་དང་། རྒྱུ་ནོར་དང་རོགས་སྐྱོར་ཅི་འདྲ་མང་པོ་སྤྲད་ཡོད་རུང་། མང་ཚོགས་དཀྱུས་མའི་སེམས་ནང་དུ་ཡོད་པའི་ཏཱ་ལའི་བླ་མའི་གོ་གནས་སུབ་ཐུབ་ཀྱི་མེད་ལ། དེ་བས་ཀྱང་བོད་རིགས་མང་ཚོགས་ཀྱིས་ཏཱ་ལའི་བླ་མར་གུས་བཀུར་དང་ཡིད་ཆེས་བྱེད་པར་འགྱུར་བ་གཏོང་ཐུབ་ཀྱི་མེད་ཅེས་དང་། ཁོང་ཚོས་ཏཱ་ལའི་བླ་མར་ཆོས་ལུགས་ཁོ་ནའི་ཐོག་གུས་བཀུར་བྱས་པ་ལས་ཆབ་སྲིད་ཀྱི་དམིགས་ཡུལ་གང་ཡང་མེད། ང་ཚོའི་རིམ་པ་ཁག་གི་འགོ་འཁྲིད་དང་འབྲེལ་ཡོད་སྡེ་ཚན་གྱིས་གནད་དེར་རང་བློ་རང་འཁེལ་དང་ངོས་འཛིན་གང་ལེགས་བྱེད་དགོས། ཡང་དག་པའི་དཔྱད་དཔོག་གི་རྨང་གཞིའི་ཐོག་ནས་ད་གཟོད་ཏཱ་ལའི་བླ་མ་ཕྱིར་རྒྱལ་ནང་དུ་ཕེབས་པའི་གནད་དོན་གླེང་ཆོག་” ཅེས་བཤད།

སློབ་དཔོན་ཅིན་ཝུས་ཀྱི་སྐད་ཆའི་ནང་། “ནན་ཏན་གྱིས་བོད་རིགས་མང་ཚོགས་ས་ཡ་དྲུག་གིས་གུང་ཁྲན་ཏང་ལ་ཡིད་ཆེས་དང་བརྩེ་སེམས་ལ་དཔྱད་དཔོག་བྱེད་དགོས་” ཟེར་བ་དེ་ནི་ཤིན་ཏུ་བདེན་པ་རེད། རྒྱ་ནག་གཞུང་གིས་གུང་ཁྲན་ཏང་གི་བཀའ་དྲིན་ལ་བརྟེན་ནས། བོད་མི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིང་གྲོལ་ཐོབ་ཡོད་ཟེར་བ་དང་། བོད་མི་ཚོས་རང་ཁྱིམ་རང་བདག་དང་བདེ་སྐྱིད་ཀྱི་འཚོ་བར་རོལ་ཐུབ་ཡོད་པས། གུང་ཁྲན་ཏང་ནི་ཁོང་ཚོའི་སེམས་ནང་གི་ཉི་མ་དམར་པོ་ཡིན་ཟེར་ནས་དྲིལ་བསྒྲགས་སྣ་ཚོགས་བྱེད་ཀྱི་ཡོད་ཀྱང་། དོན་དུ་བོད་མི་ཚོའི་སེམས་ནང་གུང་ཁྲན་ཏང་ནི་བོད་མི་ས་ཡ་གཅིག་ལྷག་དམར་གསོད་གཏོང་མཁན་གྱི་ལག་དམར་བ་དང་། ཆོས་དང་རིག་གཞུང་རྩ་མེད་གཏོང་མཁན་གྱི་བསྟན་དགྲ  མི་ལོ་སྟོང་ཕྲག་མང་པོའི་རིང་བདག་གཅེས་བྱས་པའི་ཁོར་ཡུག་གཏོང་བཤིག་གཏོང་མཁན། མཐའ་ན་བོད་ཀྱི་ལུང་པའི་ནང་འབུ་སྲིན་ཚུན་ཆད་ཀྱི་ཤ་ཁྲག་ཟ་འཐུང་བྱེད་མཁན་མཁན་གྱི་དགྲ་བོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།  དེ་ཡང་རྒྱ་ནག་དམར་པོས་བོད་དུ་བཙན་འཛུལ་བྱས་ནས་བཟུང་ད་ལྟའི་བར་ངོ་རྒོལ་གྱི་རྦ་རླབས་ཆད་མྱོང་མེད་པ་དེ་ཁོ་ནས་ཤེས་ཐུབ། (ཞིབ་ཕྲ་གཤམ་གྱི་ལེ་ཚན་དུ་གསལ།)  ཡང་སློབ་དཔོན་ཅིན་ཝུས་ཀྱིས།  “ཡང་དག་པའི་སྒོ་ནས་བོད་རིགས་མང་ཚོགས་ཀྱི་ཏཱ་ལའི་བླ་མར་གུས་བཀུར་དང་བརྩེ་སེམས་ལ་དཔྱད་དཔོག་བྱེད་དགོས།” ཟེར།  དེ་ནི་སློབ་དཔོན་ཉིད་ཀྱིས་གོང་དུ་གསུངས་པ་བཞིན། ཏཱ་ལའི་བླ་མ་ནི་བོད་རིགས་མང་ཚོགས་ཀྱི་སེམས་སུ་སངས་རྒྱས་དངོས་རེད་ལ། ཁོང་ནི་བོད་མི་ཚོའི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་ལ་ངོས་འཛིན་བྱེད་ཀྱི་ཡོད། མི་རབས་མང་པོའི་རིང་ཆོས་ལུགས་ཀྱི་བག་ཆགས་དང་ནང་ཆོས་ཀྱི་ཤུགས་རྐྱེན་ཤིན་ཏུ་ཆེ་བའི་བོད་རིགས་མང་ཚོགས་ཀྱི་སེམས་ཁམས་སུ། རང་གི་རྩ་བའི་བླ་མ་ལ་གུས་བཀུར་དང་བརྩེ་སེམས་ཇི་ཙམ་ཡོད་མེད་ལྷ་མེད་སྨྲ་བ་ཞིག་གིས་དཔྱོད་དཔོག་བྱེད་དགོས་ན་ཤིན་ཏུ་དཀའ་ཡང་། རྒྱ་ནག་གཞུང་གིས་བོད་མིའི་སེམས་ཁམས་སུ་ཏཱ་ལའི་བླ་མའི་གནས་བབ་ཇི་ཙམ་ཡོད་མེད་ངེས་པར་དུ་དཔྱད་དཔོག་བྱེད་དགོས་ལ། དེ་དང་འཚམས་པར་སྲིད་བྱུས་ལ་སྒྱུར་བཅོས་ཀྱི་ལམ་ཁ་གཞན་ཞིག་འཚོལ་ཐབས་བྱེད་དགོས།

སློབ་དཔོན་ཅིན་ཝུས་ཀྱིས་མུ་མཐུད་ནས་ “བོད་མི་ཚོས་ཚེ་འདིར་གུང་ཁྲན་ཏང་ལ་བརྟེན་དགོས་པ་དང་ཚེ་ཕྱི་མར་ཏཱ་ལའི་བླ་མར་བརྟེན་དགོས་ཞེས། བོད་མི་མང་ཚོགས་དཀྱུས་མས་བཤད་པའི་ཐེངས་མང་ཤོས་དང་ཐད་ཀར་གྱི་སྐད་ཆ་དེ་རེད་” ཅེས་ཟེར། བོད་མི་ཚོས་ཚེ་འདིར་གུང་ཁྲན་ཏང་བཀའ་དྲིན་ཆེན་པོ་མིན་ལབ་ན། ཆབ་སྲིད་ཀྱི་ནག་ཉེས་ཆགས་འགྲོ་བ་ཡིན་པས་དེ་ལྟར་བརྗོད་སྲིད། མ་གཞི་ནས་གུང་ཁྲན་ཏང་གིས་བོད་དབང་སྒྱུར་བྱས་པར་བརྟེན། བོད་མི་ཚོས་མི་འདོད་བཞིན་དུ་གུང་ཁྲན་ཏང་ལ་མ་བརྟེན་རང་བརྟེན་ཆགས་ཡོད། གལ་སྲིད་བོད་མི་ཚོས་ཚེ་འདིར་ཏཱ་ལའི་བླ་མར་བརྟེན་ཟེར་ན། དེ་བས་ཀྱང་ནག་ཉེས་ཆེན་པོ་གསོག་གི་ཡོད་པར་བརྟེན། བོད་མི་ཚོས་ཚེ་ཕྱི་མར་ཏཱ་ལའི་བླ་མར་བརྟེན་ཟེར་ན་གུང་ཁྲན་ཏང་གི་ཚེ་སྔ་ཕྱི་ཁས་ལེན་གྱི་མེད་པས་དེ་ཙམ་ཉེན་ཁ་མེད་ཚོད་དང་། མི་གཅིག་གི་ཚེ་ཕྱི་མ་ལའང་གུང་ཁྲན་ཏང་གིས་ཐེ་བྱུས་བྱེད་ཀྱི་མེད་པའི་ཚོད་དཔག་གིས། ཚེ་ཕྱི་མར་ཏཱ་ལའི་བླ་མར་བརྟེན་ཞེས་བརྗོད་ངེས་ཡིན།  ཡང་སློབ་དཔོན་ཅིན་ཝུས་ཀྱིས། “གུང་ཁྲན་ཏང་གིས་དཔལ་འབྱོར་འཛུགས་སྐྲུན་དང་རྒྱུ་ནོར་གྱི་རོགས་སྐྱོར་ཅི་འདྲ་མང་པོ་སྤྲད་ཡོད་རུང་” ཟེར་བ་ལ་རྒྱུ་མཚན་མེད། དཔལ་འབྱོར་འཛུགས་སྐྲུན་དེ་དག་བོད་རིགས་ལས་རྒྱ་རིགས་ལ་ཁེ་ཕན་ཆེ་བ་ཆགས་ཀྱི་ཡོད་པ་དང་། བོད་ནང་གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་འབྲེག གཙང་པོ་ཁ་སྒྱུར། དགོན་སྡེ་གཏོར་བཤིག  ཅ་དངོས་ནོར་བུའི་རིགས་རྒྱ་ནག་ཏུ་དབོར་འདྲེན་བྱས་པ་ཁག་དང་བསྡུར་ན།  རྒྱ་ནག་གུང་ཁྲན་ཏང་གི་རྒྱུ་ནོར་གྱི་རོགས་སྐྱོར་ཟེར་བ་དེ་གཡོ་གཏམ་ཁོ་ན་ཡིན་པ་ཅིན་ཝུས་ཀྱིས་ཤེས་བཞིན་དུ་བཤད་པ་ཞིག་རེད།

ཡང་སློབ་དཔོན་ཅིན་ཝུས་ཀྱིས། “མང་ཚོགས་དཀྱུས་མའི་སེམས་ནང་དུ་ཡོད་པའི་ཏཱ་ལའི་བླ་མའི་གོ་གནས་སུབ་ཐུབ་ཀྱི་མེད་ལ། དེ་བས་ཀྱང་བོད་རིགས་མང་ཚོགས་ཀྱིས་ཏཱ་ལའི་བླ་མར་གུས་བཀུར་དང་ཡིད་ཆེས་བྱེད་པར་འགྱུར་བ་གཏོང་ཐུབ་ཀྱི་མེད་” ཅེས་དང་། “ཁོང་ཚོས་ཏཱ་ལའི་བླ་མར་ཆོས་ལུགས་ཁོ་ནའི་ཐོག་གུས་བཀུར་བྱས་པ་ལས་ཆབ་སྲིད་ཀྱི་དམིགས་ཡུལ་གང་ཡང་མེད། ཡང་དག་པའི་དཔྱད་དཔོག་གི་རྨང་གཞིའི་ཐོག་ནས་ད་གཟོད་ཏཱ་ལའི་བླ་མ་ཕྱིར་རྒྱལ་ནང་དུ་ཕེབས་པའི་གནད་དོན་གླེང་ཆོག་” ཅེས་བཤད་པར། གུང་ཁྲན་ཏང་གི་དཔོན་རིགས་ཚོས་བསླབ་བྱ་ལེན་དགོས་པའི་རིགས་མང་པོ་འདུག་སྙམ། རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་ནས་བཟུང་ད་ལྟའི་བར། བོད་མི་མང་གི་སེམས་ཁམས་ལ་དཔྱད་དཔོག་རྩ་བ་ཉིད་ནས་བྱས་ཐུབ་མེད། ལོ་རབས་བརྒྱད་བཅུ་པའི་ནང་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་ཚོ་ཐོག་མ་བོད་དུ་ཕེབས་སྐབས། རྒྱ་ནག་གཞུང་གིས་བོད་མི་མང་ལ། ཞིང་བྲན་ལམ་ལུགས་དང་བཀས་བཀོད་བརྒྱུད་འཛིན་པ་ཁ་བྲལ་བའི་སྐུ་ཚབ་ས་གནས་སུ་འབྱོར་སྐབས་མཆིལ་ལུད་མ་འཕེན་ཞེས་བསླབ་བྱ་བརྒྱབ་ཡོད་རུང་། སྐུ་ཚབ་ཚོ་བོད་ཀྱི་ས་གནས་གང་དུ་སོང་ཡང་མི་མང་ཁྲི་ཚོ་མང་པོ་འཛོམས་ནས།  དད་གུས་དང་དགའ་ཞེན་གྱིས་ངུ་འབོད་ཤུགས་ཆེར་བྱས་པར་བརྟེན། རྒྱ་ནག་གཞུང་གིས་བོད་མི་ཚོའི་སེམས་ཁམས་ལ་དཔྱད་དཔོག་བྱས་ཐུབ་མེད་པའི་ངེས་ཤེས་དང་པོ་དེ་རྙེད་ཡོད་ཅེས་ཡོངས་གྲགས་ཡིན།  ད་ལྟའི་བར་བོད་ནང་རང་ལུས་མེར་སྲེག་བཏང་ནས་ངོ་རྒོལ་བྱེད་མཁན་ ༡༡༩ བྱུང་ཡོད་རུང་། རྒྱ་ནག་གཞུང་གིས་བོད་མི་ཚོའི་སེམས་ཁམས་ལ་དཔྱད་དཔོག་གིས་སྐད་ཆ་ཚིག་གཅིག་ཀྱང་བཤད་མྱོང་མེད་པ་སོགས། རྒྱ་ནག་གཞུང་གིས་བོད་མིའི་སེམས་ཁམས་དང་དངོས་འདུན་ལ་ཡང་དག་པའི་སྒོ་ནས་དཔྱད་དཔོག་བྱེད་རྒྱུ་གནད་འགག་ལ་ཐུག་ཡོད་སྙམ། ཡང་སློབ་དཔོན་ཅིན་ཝུས་ཀྱིས། “ཡང་དག་པའི་དཔྱད་དཔོག་གི་རྨང་གཞིའི་ཐོག་ནས་ད་གཟོད་ཏཱ་ལའི་བླ་མ་ཕྱིར་རྒྱལ་ནང་དུ་ཕེབས་པའི་གནད་དོན་གླེང་ཆོག་” ཅེས་པའི་དམིགས་ཡུལ་སོགས་ཆ་ཚང་གོང་དུ་འགྲེལ་བརྗོད་ཟིན། དེས་ན་ཡང་སྤྲུལ་ཕེབས་ཕྱོགས་ཐད་དབང་ཆ་ཆ་ཚང་ཡོད་མཁན། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རང་ཉིད་ཀྱི་ཡང་སྤྲུལ་ཕེབས་ཕྱོགས་ཐད་དགོངས་པ་ཇི་ལྟར་བཞེས་ཀྱི་ཡོད་དམ།

དེ་ཡང་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས། “ངོས་ནམ་ཤི་ལ་བསྒུགས་ཏེ་༧རྒྱལ་དབང་སྐུ་ཕྲེང་བཅོ་ལྔ་པ་ཞིག་ཁོང་ཚོས་རང་འདོད་ལྟར་ངོས་འཛིན་གྱིས། བོད་དང་བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་རྣམས་ཀྱིས་མཚོན་རྒྱལ་སྤྱིའི་མང་ཚོགས་མགོ་སྐོར་སླུ་བྲིད་བྱ་རྒྱུའི་བྱུས་ངན་གཏིང་ཟབ་ཅིག་ཡོད་པ་བར་སྐབས་ཀྱི་ཁྲིམས་སྒྲིག་ཁག་དང་། བསྒྲགས་གཏམ་རིམ་པ་ནས་ཧ་ཅང་གསལ་པོར་གྱུར་ཟིན་པར་བརྟེན། བསྟན་འགྲོ་སྤྱིི་འཕྲལ་ཡུན་གྱི་ལེགས་ཚོགས་ལ་དམིགས་ཏེ་དེ་འདྲའི་བྱུས་ངན་ལམ་ལྷོང་མི་ཡོང་བའི་སྔོན་འགོག་བྱ་རྒྱུ་ངོས་ཀྱི་གཡོལ་དུ་མེད་པའི་ཁུར་འགན་ཞིག་ཡིན་པར་ངོས་འཛིན་གྱིས་བསྒྲགས་གཏམ་འདི་སྤེལ་རྒྱུ་ཡིན།”

( རྒྱལ་དབང་སྐུ་ཕྲེང་རྗེས་མ།)

“ཇི་ལྟར་གོང་དུ་བརྗོད་ཟིན་པ་བཞིན་སླརང་ཡང་ཡང་སྤྲུལ་སྲིད་པ་གཟུང་རྒྱུ་ནི་གོང་རང་ཉིད་ཀྱིས་རང་དབང་གིས་སམ་མཐའ་མར་ཡང་ལས་བསདད་སྨོན་ལམ་གྱི་དབང་གིས་སྐྱེ་བ་རླང་དགོས་པ་ཞིན་ཡིན་སྟབས། དེ་གང་དུ་ཇི་ལྟར་སྐྱེ་བ་དང་། ཐབས་ཚུལ་ཇི་ལྟ་བུས་ངོས་འཛིན་བྱེད་པ་བཅས་ནི་ཡང་སྲིད་སྐྱེ་བ་འཛིན་མཁན་གྱི་གང་ཟག་ཉིད་ལ་ཐུན་མིན་དུ་དབང་བ་ཞིག་ལས། གཞན་སུས་ཀྱང་བཙན་དབང་དང་། གནོན་ཤུགས། རང་འདོད་ལྟར་གང་བྱུང་བྱ་ས་མེད་པ་ནི་བདེན་པའི་གནས་ཚུལ་ཡིན། ལྷག་པར་དུ་ཡང་སྤྲུལ་གྱི་རྣམ་གཞག་ལྟ་ཞོག སྐྱེ་བ་སྔ་ཕྱི་ཙམ་ཡང་བསམ་བཞིན་ཁས་ལེན་མི་བྱེད་པའི་ཆབ་སྲིད་དབང་འཛིན་པ་རྣམས་ཀྱིས་བླ་མའི་ཡང་སྤྲུལ་སྤྱི་དང་། ཁྱད་པར་རྒྱལ་བ་ཡང་སྲས་ཀྱི་ཡང་སྤྲུལ་ངོས་འཛིན་ལ་དབང་ཤུགས་ཁོ་ནས་ཐེ་བྱུས་བྱེད་པ་ནི་ཆེས་མ་འཚམས་ཤིང་། སོ་སོའི་ཆབ་སྲིད་ཀྱི་ལྟ་གྲུབ་དང་་ཡང་རྒྱབ་འགལ་དུ་སོང་བའི་རྫུན་སྤྱོད་ངན་གཡོ་ངོ་ཚ་བྲལ་བ་ཞིག་ཡིན་པ་ཀུན་གྱི་མཐོང་ཆོས་སུ་གྲུབ་གཤིས། དེ་རིགས་བྱུང་ཚེ་དེ་ལ་བོད་མི་རིགས་དང་། བོད་བརྒྱུད་ནང་བསྟན་རྗེས་འཇུག་གི་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ནས་ནམ་ཡང་ངོས་ལེན་དང་། མོས་མཐུན་བྱེད་ཐབས་མེད། ངོས་རང་རྗེ་དགེ་འདུན་གྲུབ་ཀྱི་དགུང་གྲངས་ཙམ་དུ་སོན་སྐབས་ཆོས་བརྒྱུད་བླ་ཆེན་ཁག་དང་། བོད་མིས་མཚོན་འབྲེལ་ཡོད་དད་ལྡན་མང་ཚོགས་ལ་གོ་བསྡུར་གྱིས་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང་ཐག་གཅོད་བྱེད་འཆར་ཡིན། གལ་ཏེ་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པ་དང་། སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་ངོས་འཛིན་བྱ་དགོས་ཀྱི་དུས་སྐབས་ཤིག་ཤར་ཚེ། དེའི་བྱེད་སྒོའི་འགན་ཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་” ཅེས་སོགས་བཀོད་ཡོད་པ་དེ་ནི། སློབ་དཔོན་ཅིན་ཝུས་ཀྱི་སྐད་ཆ་དང་། རྒྱ་ནག་གཞུང་གིས་དུས་ཡུན་རིང་པོའི་ནང་ངན་ཇུས་བྱས་དང་བྱེད་བཞིན་པར་ལན་འདེབས་ཆ་ཚང་བ་ཞིག་ཡིན་ལ། འཛམ་གླིང་མི་མང་གིས་ཀྱང་དེ་བས་ཀྱང་གསལ་པོ་མཁྱེན་དགོས་པའི་གནད་དོན་ཞིག་ཡིན་སྙམ།།