ཡིག་རྒྱུགས་བརྒྱ་ཆ་༩༥ ཡན་ལོན་པ་ཐོག་མ་ཆགས་ཡོད།

ཐེངས་འདིར་སྲིད་སྐྱོང་བློ་བཟང་སེང་གེས་མ་སུ་རི་གཏན་སློབ་དང་བོད་ཁྱིམ་སློབ་གྲྭ་གཉིས་སུ་གཟིགས་སྐོར་དང་འབྲེལ་སློབ་ཕྲུག་རྣམས་ལ་དུས་ཚོད་ཆུད་ཟོས་སུ་མི་གཏོང་བའི་ཐོག་ནས་སློབ་སྦྱོང་ལ་ཤུགས་རྒྱག་དགོས་སྐོར་གྱི་ལམ་སྟོན་གསུང་བཤད་གནང་ཡོད་པ་རེད།

དེ་ཡང་ཟླ་ཕྱི་ཚེས་༩ ཉིན་སྲིད་སྐྱོང་བློ་བཟང་སེང་གེས་མ་སུ་རི་བོད་ཁྱིམ་སློབ་གྲྭའི་ཚེ་རིང་སྒྲོལ་མ་དྲན་རྟེན་ཚོགས་ཁང་དུ། མ་སུ་རི་བོད་ཁྱིམ་དང་གཏན་སློབ་ཀྱི་འཛིན་རིམ་དྲུག་པ་ཡན་གྱི་སློབ་མ་རྣམས་གཙོས་པའི་དགེ་ལས་དང་། མི་མང་བཅས་ཁྱོན་མི་གྲངས་༡༠༠༠ བརྒལ་བར་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། སྤྱིར་བཏང་ང་ཚོ་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་༥༠ ལྷག་འགྲོ་གི་ཡོད། དེའི་རིང་བོད་པའི་སློབ་ཕྲུག་ཁོངས་ནས་བརྒྱ་ཆ་༩༥ ཡན་ལོན་ཐུབ་པ་འདི་ལོ་ཐོག་མ་ཆགས་ཡོད། དེར་བརྟེན་ངས་མ་སུ་རི་བོད་ཁྱིམ་གྱི་དགེ་ལས་ཡོངས་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན། གང་ལྟར་སློབ་ཕྲུག་ཚོས་སློབ་སྦྱོང་ཡག་པོ་བྱས་ཏེ་མ་འོངས་པར་བརྒྱ་ཆ་༩༥ ཡན་ལོན་རྒྱུར་འབད་བརྩོན་བྱེད་དགོས། ལྷག་པར་སློབ་ཕྲུག་རང་ཉིད་ཀྱི་ངོས་ནས་བརྒྱ་ཆ་མཐོན་པོ་ལེན་རྒྱུར་གདེང་ཚོད་དང་ སྤོབས་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། འདི་ལོ་མ་སུ་རི་བོད་ཁྱིམ་གྱི་འཛིན་རིམ་བཅུ་གཉིས་ཀྱིས་བརྒྱ་ཆ་ཧ་ཅང་ཡག་པོ་བླངས་ཡོད་སྟབས་ཚང་མས་མིག་དཔེ་ལྟ་དགོས་པ་ཞིག་ཆགས་ཡོད། དེ་བཞིན་སྤྱི་ཚོགས་སྤྱི་ཡོངས་ནང་རེ་བ་ཡིན་ནའང་ཆེ་རུ་ཕྱིན་ཡོད།

དེར་བརྟེན་འགན་འཛིན་གྱིས་གཙོས་དགེ་ལས་སློབ་ཕྲུག་ཡོངས་ལ་འགན་ཆགས་ཡོད། ན་ནིང་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ནང་བརྒྱ་ཆ་༩༠ ལོན་མཁན་སློབ་ཕྲུག་བཞི་བྱུང་ཡོད། འདི་ལོ་བརྒྱ་ཆ་༩༠ ལོན་མཁན་སློབ་ཕྲུག་༡༣ བྱུང་ཡོད། བརྒྱ་ཆའི་ཆ་ནས་ཉིས་བརྒྱ་ལྷག་འཕར་ཡོད། ན་ནིང་སློབ་ཕྲུག་བརྒྱ་ཆ་༧༠ ནས་༧༥ ལོན་མཁན་སློབ་ཕྲུག་༢༤༢ བྱུང་ཡོད། འདི་ལོ་སློབ་མ་༣༤༥ ནས་བརྒྱ་ཆ་༧༠ ནས་༧༥ བླངས་ཡོད། ལོ་གཅིག་གི་ནང་དེ་ལྟར་འགྱུར་བ་ཕྱིན་ཡོད། མདོར་ན། སློབ་ཕྲུག་ཁྱེད་རང་ཚོས་དུས་དང་རྣམ་པ་ཀུན་ཏུ་སོ་སོ་རང་ཉིད་ཀྱི་སྤོབས་པ་ཡོད་པའི་ཐོག་ཤུགས་བརྒྱབ་སྟེ་སློབ་སྦྱོང་ལ་འབད་བརྩོན་བྱས་ན་མ་འགྲུབ་པ་མེད། སློབ་ཕྲུག་རྣམས་ནས་སེམས་ཤུགས་མ་ཆག་པའི་ཐོག་སློབ་སྦྱོང་བྱེད་དགོས། དེ་བཞིན་སློབ་སྦྱོང་གི་དུས་ཚོད་འཕྲོ་བརླག་རྩ་བ་ནས་གཏོང་རྒྱུ་མེད་ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་རེད།

དེ་བཞིན་ཉིན་དེར་སྲིད་སྐྱོང་མཆོག་གིས་མ་སུ་རི་གཏན་སློབ་ཀྱི་དགེ་ལས་སློབ་ཕྲུག་རྣམས་ལ་ལམ་སྟོན་གསུང་བཤད་གནང་ཡོད་པ་མ་ཟད། ཕྱི་དྲོ་མ་སུ་རི་བོད་ཁྱིམ་གྱི་ཚོགས་ཁང་ནང་སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་སློབ་ཕྲུག་རྣམས་ཀྱིས། བོད་པའི་སློབ་གྲྭའི་ནང་བོད་ཡིག་རྐྱང་པའི་སྟེང་སློབ་ཁྲིད་བྱས་ན་མཐོ་རིམ་རིགས་གཅིག་རྐང་འཛིན་ལ་གནོད་སྐྱོན་འགྲོ་ངེས་རེད་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་འདུག