རྒྱ་ནག་དམག་མིས་བསྐྱར་དུ་རྒྱ་གར་ནང་བཙན་འཛུལ་བྱས་འདུག
![]()
རྒྱ་ནག་གི་དམག་མི་ཚོས་སླར་ཡང་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་གྱི་ས་གནས་ཆུ་མར་གྱི་ས་མཚམས་ནང་བཙན་འཛུལ་བྱས་ཡོད་སྐོར་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གི་ནང་གནས་ཚུལ་ཐོན་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༨ ཉིན་རྒྱ་གར་གྱི་གསང་བའི་ལས་ཁུངས་དང་ས་མཚམས་དམག་མིའི་དཔོན་རིགས་ཚོས་གསར་འགོད་པར་འགྲེལ་བརྗོད་བྱས་པ་ལྟར་ན། རྒྱ་གཞུང་གི་བཅིངས་གྲོལ་དམག་མིས་སླར་ཡང་ཕྱི་ཟླ་༦ ཚེས་༡༧ ཉིན་རྒྱ་གར་གྱི་ལ་དྭགས་ས་གནས་ཀྱི་ཆུ་མར་འགག་སྒོའི་ས་མཚམས་ནས་བཙན་འཛུལ་གྱིས། རྒྱ་གར་གྱི་དམག་མིའི་གབ་ཁང་གཏོར་བཤིག་དང་། ས་མཚམས་ཀྱི་འགག་སྒོར་ཡོད་པའི་གཟུགས་མཐོང་དཔར་ཆས་ཀྱི་གློག་སྐུད་བཅད་དེ་རྒྱ་གར་ནང་བཙན་འཛུལ་བྱས་ཡོད་སྐོར་བརྗོད་འདུག
རྩ་བས་ལ་དྭགས་ཀྱི་རྒྱལ་ས་སླེ་ནས་རྒྱང་ཐག་ཀི་ལོ་མི་ཊར་༣༠༠ ཡོད་པའི་ཆུ་མར་ཟེར་བའི་ས་ཆ་དེ་ནི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཡིན་ཞིང་། ས་ཆ་དེར་བོད་ཕྱོགས་ནས་ས་ཐོག་ནས་ཡོང་སའི་ལམ་ཁ་མེད་ན་ཡང་རྒྱ་གཞུང་གིས་གནམ་ཐོག་ནས་བཅིངས་གྲོལ་དམག་མི་གཡུགས་ཏེ། ལོ་འདིའི་ཕྱི་ཟླ་༤ ཚེས་༡༥ ཉིན་རྒྱ་གཞུང་གི་དམག་མི་ཁག་ཅིག་གིས་རྒྱ་གར་གྱི་མངའ་ཁོངས་ལ་དྭགས་ཁུལ་དུ་བཙན་འཛུལ་གྱིས། རྒྱ་གར་གྱི་མངའ་ཁོངས་ལ་དྭགས་ཁུལ་དུ་གུར་༤ ཕུབ་སྟེ་བསྡད་ཡོད་པར་བརྟེན་རྒྱ་གར་གཞུང་མང་གཉིས་ཀྱིས་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་དང་། དེ་རྗེས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་དཔོན་རིགས་ཚོས་གྲོས་བསྡུར་གྱིས་ས་མཚམས་ཀྱི་རྩོད་རྙོག་དེ་རེ་ཞིག་ཞི་འཇམ་དུ་སོང་ན་ཡང་ད་ཐེངས་བསྐྱར་དུ་རྒྱ་གཞུང་གི་དམག་མིས་ས་མཚམས་བརྒལ་ཏེ་བཙན་འཛུལ་བྱས་ཡོད་པ་རེད།
