རྒྱུད་མངས་སྟོང་གི་སྒྲ་དབྱངས།
གང་སྐུ་འཁོར་བའི་འདམ་ལས་སྐྱེས་ཀྱང་ཉེས་ལྟུང་དྲི་མས་མ་གོས་ཅིང་།།
གང་ཉིད་སྐྱེ་འགྲོ་སྡུག་བསྔལ་གྲོལ་ཕྱིར་སྙིང་རྗེ་དབང་གི་སྐྱེ་བར་བཞེས།།
གང་སྐུ་བལྟམས་པ་དེ་ནས་བཟུང་སྟེ་ལུས་ཅན་རེ་བ་ཡོངས་བསྐངས་ཅིང་།།
འགྲོ་བ་ཀུན་གྱི་གཙུག་ཏུ་བཀུར་བའི་ཡབ་ཅིག་བླ་མས་དུས་ཀུན་སྐྱོངས།།
གང་སྐུ་ཉི་ཟེར་འཛམ་གླིང་ཁྱབ་པས་སྐྱེ་འགྲོ་ཀུན་གྱི་སྡུག་བསྔལ་སེལ།།།
གང་གསུང་བདུད་རྩིས་ལུས་ཅན་ཀུན་གྱི་ཡིད་ཀྱི་སྨེ་སྔགས་རྩ་ནས་འཇོམས།།
གང་ཐུགས་མཁྱེན་པ་ན་ཀྲ་བཞིན་ཟབ་ས་གསུམ་འགྲོ་བ་ཀུན་ཡང་འདུལ།།
སྐུ་གསུང་ཐུགས་ཀྱི་ཡོན་ཏན་གཞལ་དཀའ་མགོན་པོ་ཁྱེད་ལ་སྙིང་ནས་གུས།།
དགྲ་ལ་སྡང་བའི་ཁྲོ་སེམས་མེད་པ་ཞི་འཇམ་ཐབས་ཀྱི་ཡོངས་སུ་འདུལ།།
གཉེན་ལ་ཆགས་པའི་ཕྱོགས་ཞེན་མེད་པ་དྲང་སྲོང་སྨྲ་བའི་བརྟུལ་ཞུགས་འཆང་།།
བར་མ་དག་ལ་ཡལ་བ་དོར་བའི་སེམས་ཀྱི་གཡེང་བ་རྩ་ནས་སྤངས།།
འགྲོ་དྲུག་དག་ལ་བརྩེ་བའི་བུ་ལྟར་དུས་དྲུག་རྟག་ཏུ་བྱམས་ཀྱིས་སྐྱོང་།།
གནའ་དེང་ཤེས་བྱ་ཀུན་ལ་མཁྱེན་པའི་ཐུགས་ཀྱི་མཁྱེན་པ་མཁའ་ལྟར་ཡངས།།
མཁས་རྒུ་དབུས་ན་གཙུག་ཏུ་འགྱུར་བའི་ཤཱཀྱའི་རྒྱལ་པོ་སྙན་པའི་དབྱངས།།
འཛམ་གླིང་ཕྱོགས་ཀུན་རླུང་ལྟར་ཁྱབ་པས་སྐྱེས་འགྲོ་ཀུན་གྱི་གོང་དུ་བཀུར།།
ཁྱེད་སྐུའི་དགུང་གྲངས་དོན་བརྒྱད་ཕེབས་པའི་འཁྲུངས་སྐར་ཉིན་མོ་དགའ་བས་བསུ།།
ལ་ལས་དགའ་ནས་ཡ་ཐོད་མིག་ནས་ཆུ་མའི་གང་གྷའི་རྒྱུན་ལྟར་གཞོལ།།
ལ་ལས་སྤྲོ་བའི་དགའ་འབོད་བྱེད་ཞོར་དགའ་བའི་ཟློས་གར་འཁྲབ་ནས་འདའ།།
ལ་ལས་ཡོད་ཚད་ཁྱེད་ལ་བཅོལ་ནས་སྙིང་ནས་གསོལ་བ་རྩེ་གཅིག་འདེབས།།
ཁྱེད་ནི་ང་ཚོའི་སྲོག་རྩ་ཡིན་ཕྱིར་དུས་ཀུན་འགྱུར་མེད་རྟག་བརྟན་ཤོག།
དེ་རིང་དགའ་དད་སྤྲོ་གསུམ་ངང་ནས་གང་གི་འཁྲུངས་སྐར་བསུ་མ་བྱེད།།
གང་ཉིད་སྐུ་ལ་བག་ཆད་མི་འབྱུང་བསྟོད་གླུ་ཨ་སྔོན་དགུང་ནས་བླངས།།
གང་ཉིད་གསུང་ལ་དྲི་ཆགས་མེད་སྙན་འཇེབས་པོ་ཝིང་དཀྲོལ་ནས་འོངས།།
གང་ཉིད་ཐུགས་ཀྱི་བཞེས་དགོངས་འགྲུབ་ཕྱིར་བཀའ་བཞིན་སྲི་ཞུ་ཉིན་ལྟར་བསྒྲུབ།།
དེ་རིང་ཉིན་མོ་མགོ་ནག་མི་ཡི་སྐྱིད་ཀྱི་ཚོར་བ་འདྲེན་པའི་ཉིན་མོ་ཅིག།
དེ་རིང་ཉིན་མོ་བོད་མི་མུན་ལས་སེལ་བའི་ཉི་བྱེད་དབང་པོ་ཤར་བའི་དུས།།
དེ་རིང་ཉིན་མོ་བོད་ཁམས་འགྲོ་བ་སྡུག་གི་གཡང་ལས་གྲོལ་བའི་ཉིན་མོ་གཅིག།
དེ་རིང་ཉིན་ནི་ཅི་ནས་ཡ་ཁོག་སེམས་ངོས་དྲན་ཐིག་འོ་མ་དཀར་མོ་ཞིག།
དེ་རིང་བོད་མི་སྤྲོ་སེམས་འཁོར་བའི་ཉིན་གཅིག་ཡིན་ཕྱིར་དགའ་འབོད་བྱས།།
དེ་རིང་དགའ་བའི་ཚོར་འདུ་ཕྲ་མོ་བདག་གི་ཡ་ཁོག་ནས་འཕྱུར་བས།།
དེ་རིང་སྐྱིད་པའི་ཚོར་བ་ཟབ་མོ་ཡི་གེ་གཟུགས་སུ་ཤར་མར་དུ།།
དེ་རིང་བདག་གི་སྙན་ཆ་མེད་འབོལ་རྩོམ་ཕྲེང་བ་འདིར་ན་སྤེལ།།
སྐུའི་འཁྲུངས་སྐར་མཛད་སྒོ་གཅིག་ལ་འགྲོ་ནས་ཕྱིར་རང་ཤག་དབྱངས་ཅན་དགའ་བའི་སྙན་ངག་གི་གུར་ཁང་སློབ་གྲྭར་བྲིས།།