རིས་མེད་སྨོན་ལམ།
འདས་པའི་ལོ་ཤས་ནས་བཟུང་མདོ་ཁམས་འདན་ཆོས་འཁོར་ དགོན་དང་། གླང་ཐང་སྒྲོལ་མ་ལྷ་ཁང་གི་བདག་གཉེར་བ་ཟུང་འབྲེལ་ཐོག་བསྟན་འགྲོའི་དགེ་རྩ་ སྨོན་ལམ་ཆེན་མོ་ཞེས་པའི་མཚན་བྱང་འོག་རིས་མེད་སྨོན་ལམ་ཆེན་མོ་ཞིག་ཚོགས་སྲོལ་ བྱུང་ཡོད་པ་བཞིན། འདི་ལོར་ཡང་༢༠༡༣.༧.༩.ཉིན་ནས་དབུ་ འཛུགས་ཀྱི་ཕྱི་ཚེས་༡༢བར་ཉིན་གྲངས་ལྔ་ཡི་རིང་དུ་གླང་ཐང་སྒྲོལ་མ་ལྷ་ཁང་དུ་ ཚོགས་ཡོད་པ་དང་།
ཉིན་དེ་དག་གི་རིང་དུ་གཙོ་བོ་མང་ཚོགས་ལ་དགེ་སྡིག་བླང་དོར་གྱི་མཚོན་པའི་ནང་ ཆོས་ངོ་སྤྲོད་དང་། བོད་རིགས་ནང་ཕན་ཚུན་མཐུན་ལམ་གོང་མཐོའི་ཆེད་དུ་ཐབས་ལམ་ཇི་ལྟར་སྤེལ་དགོས་མིན། མི་རིགས་ཀྱི་ལ་རྒྱ་དང་། མི་རིགས་ཀྱི་བསམ་པའི་དཔལ་ཡོན། དེ་བཞིན་ན་གཞོན་དག་ལ་ཤེས་ཡོན་སློབ་གསོ་ཇི་ལྟར་སྤྲོད་དགོས་མིན། དུས་རབས་ཀྱི་ཚན་རིག་དང་མཐུན་པའི་མདུན་སྐྱོད་ཇི་ལྟར་དགོས་མིན་སོགས་བརྗོད་ གཞིར་རྣམ་གྲངས་མང་པོའི་སྒོ་ནས་ལམ་སྟོན་གནང་ཡོད་འདུག འདི་ལོའི་གདན་ཞུས་མི་སྣའི་ཁྲོད་ནས་བོད་ཁམས་ཡོངས་ལ་ཆེས་སྙན་གྲགས་འབར་བཞིན་པ་ མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་། སྡོང་ཡོན་ཏན་རྒྱལ་མཚོ། རྐ་ཐོག་འབྲུག་གྲགས་སྤྲུལ་སྐུ། ཨ་མདོ་རེ་ཀོང་རང་པོ་དགོན་ཆེན་གྱི་དགེ་རྒན་ཆེན་མོ་བ་རྟོག་གྲོལ་ཡོན་ཏན་རྒྱལ་ མཚོ། འབུམ་ཆུང་དགོན་གྱི་མཆོག་སྤྲུལ་ནམ་མཁའ་རྒྱལ་མཚན། ཨ་ཕྱུག་ཆོས་སྒར་གྱི་དགོན་བདག་སྤྲུལ་སྐུ་ནམ་མཁའ་སྙིང་པོ། སེར་བྱེས་ལྷ་རམས་པ་འཇམ་དཔལ་བློ་ཤེས། གཞན་ཡང་རིས་མེད་ཆོས་སྡེ་ཁག་གི་མཁན་བླ་དགེ་བཤེས་༣༠ལྷག་ཙམ་གདན་ཞུས་གནང་ཡོད་ འདུག་པ་དང་། སྨོན་ལམ་ཉིན་མཐའ་མའི་དགོང་མོར་བོད་ནང་གི་ཆུ་ཚོད་༨ པའི་ཐོག་སེར་སྐྱ་མི་མང་ཁྲི་གཉིས་ལྷག་ཙམ་གྱི་ལག་ཏུ་མཆོད་མེ་འཁྱེར་ནས་འདུ་ འཛོམས་ཀྱིས་གངས་རི་ར་བས་བསྐོར་བའི་ཞིང་ཁམས་དང་༸གོང་ས་ཆེན་པོའི་ཞབས་བརྟན་ གསོལ་འདེབས་རབ་འབྱམས་རྒྱལ་བའི་གསང་གསུམ་མ་མང་ཚོགས་ཀྱིས་དབྱངས་སུ་གྱེར་ནས་ འུར་འདོན་གནང་རྗེས་ཚོགས་ཞུགས་རྒྱལ་ཁའི་ངང་གྲོལ་ཡོད་འདུག སྤྱིར་དེ་སྔོན་ནས་གོང་ཞུས་བཞིན་སྨོན་ལམ་ཚོགས་ནས་ལོ་ཤས་ཕྱིན་ཡོད་ཀྱང་འདི་ ལོར་མི་མང་འདུ་འཛོམས་ཆེ་ཤོས་སུ་གྱུར་ཡོད་འདུག །