ལྐོག་ཟ་རུལ་སུངས་འགོག་ཐབས་བྱ་རྒྱུ་ཡིན།
ཕྱི་ཟླ་༧ ཚེས་༢༢ ཉིན་དྷ་ས་གངས་སྐྱིད་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་མདུན་དུ། བཙན་བྱོལ་བོད་མིའི་ཁྲིམས་རྩོད་པ་པ་སངས་ཚེ་དབང་གིས། “སྤྱི་རྒྱུ་སྒེར་བདག་ལྐོག་ཟ་རུལ་སུངས་ཁ་མཆུ་ཨང་༨ པ་མཇུག་སྐྱོང་བྱ་རྒྱུ་ཡིན་”ཞེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།
སྐབས་དེར་བོད་མིའི་གསར་ཁང་ཁག་གི་གསར་འགོད་པ་ལྔ་ཙམ་སླེབས་འདུག་ལ། ཁ་མཆུ་ཨང་༨ པའི་ཞུ་སྦྱོར་བ་ཕག་རི་ཤོ་ཟུར་པ་སངས་ཚེ་དབང་གིས་གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན།
བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། ཀང་ར་གནས་ཡུལ་གཞུང་གི་ཁྲིམས་ཁང་ནས་ཡོངས་གླིང་སློབ་གྲྭ་དེ་བཞིན་ཟླ་བ་ཚེ་རིང་གི་མ་ཡིན་པར། དྷ་རམ་ས་ལའི་མི་མང་གི་སློབ་གྲྭ་ཡིན་པར་ངོས་འཛིན་གནང་ནས་ཁྲིམས་ཐོག་ནས་ཐག་ཆོད་བཅད་ཁྲར་བརྩི་བཀུར་མ་ཞུས་པར་ད་དུང་མུ་མཐུད་སྒེར་བདག་བྱེད་བཞིན་པ་འདི་ལམ་ལྷོངས་ཀྱིས་ངན་པ་རྒྱ་ཡན་དུ་རྩ་བ་ནས་གཏོང་རྒྱུ་མིན།
ཁྲིམས་འགལ་ནག་ཉེས་ཅན་གྱི་ཟླ་བ་ཚེ་རིང་ལ་རྒྱུ་དང་དཔལ་འབྱོར་ཡོད་པར་བརྟེན་ད་དུང་མུ་མཐུད་སྤྱི་ཚོགས་ནང་ཐེར་འདོན་བྱེད་མི་ཐུབ་པ་དང་། ལྟག་སྒོ་དང་རྒྱབ་རྩ་ཡོད་པས་བོད་རྒྱ་གཉིས་ཀྱི་ཁྲིམས་ཐོག་བཅད་ཁྲ་བཏང་བར་བརྩི་བཀུར་མི་བྱས་པར་མཁྲེགས་བཟུང་བྱས་པ་འདིས། ཁ་ནས་མང་གཙོ་མ་ཎི་ལྟར་བགྲངས་པའི་བཙན་བྱོལ་བོད་མིའི་གནས་བབས་ནས་བཤད་ན་ཧ་ལས་ཧོན་འཐོར་དགོས་པའི་སྐྱོ་གནས་ཤིག་རེད།
ཆུ་འགོ་ནས་བསྙོག་ན་མཇུག་ནས་དྭངས་ཐབས་མེད་པའི་དཔེ་དང་གཅིག་མཚུངས་སུ་གྱུར་ཡོད་པ། ༡ ད་བར་དྷ་སར་ཡོད་པའི་གཞུང་ཀོ་ཀོ་ནོར་གསོལ་མགྲོན་ཁང་སྒོར་འབུམ་༧ ལ་བཙོང་བསྒྱུར་བྱས་པའི་ལྐོག་ཟ་དང་། ༢ བུད་མེད་ཚོགས་པའི་སྤྱི་དངུལ་སྒོར་འབུམ་གཉིས་ལྐོག་ཟ། ༣ འབུམ་སྡེ་ལ་དང་བསྟན་འཛིན་སྒང་བཅས་ནས་སྤྱི་དངུལ་སྒོར་འབུམ་གཉིས་དང་ཕྱེད་ཙམ་ལྐོག་ཟ། ༤ བལ་ཡུལ་འཇོ་ལ་ཁ་ནས་བལ་སྒོར་འབུམ་༨༨ ལྐོག་ཟ། དྷ་སྟེང་བོད་ཁྱིམ་སློབ་གྲྭ་ནས་ཧིན་སྒོར་འབུམ་༥ ལྷག་ཙམ་ལྐོག་བྱས་པའི་གནས་ཚུལ་རིམ་བཞིན་བྱུང་ཡོད། ད་བར་ལྐོག་ཟ་རུལ་སུངས་བྱེད་མཁན་ཚང་མ། སྤྱི་མཐུས་དང་། ས་འཐུས། གཞིས་འགོ མཉམ་དྲུང་བཅས་གནད་ཡོད་མི་སྣ་རྐྱང་རྐྱང་ཡིན་ཞིང་། འགན་འཁུར་ཡོད་པའི་རྒྱ་ཆེའི་མི་མང་ནས་ལྐོག་ཟ་རུལ་སུངས་བཀག་སྡོམ་དང་། རྩ་མེད་བཟོ་མ་ཐུབ་ན་ད་དུང་མུ་མཐུད་གནད་ཡོད་ལས་བྱེད་པའི་ནང་དུ་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ལྷག་སྲིད་པ་དང་རྒྱུན་ལྡན་དང་སྤྱིར་བཏང་ཞིག་ཏུ་འགྱུར་སྲིད་པས། ངོ་སྲུང་དང་འཛེམས་ཟོན། སྙིང་རྗེ་བཅས་བྱ་མི་རུང་།
ར་བསད་ནས་ལུག་འདར་དགོས་པ་དང་། མེ་བཏང་ནས་ས་ཚིགས་ཐུབ་པ་ཞིག་བཟོ་རྒྱུ་ཡིན། ད་ལྟའི་དབུས་གཙང་ཆོལ་ཁའི་སྤྱི་འཐུས་དང་། དབུས་གཙང་ཆོལ་ཁའི་ཚོགས་གཙོ། ཀུན་ཕན་བདེ་རྩའི་འགན་འཛིན། ནང་ཆོས་ངོ་སྤྲོད་ཚོགས་གཙོ། དབུ་མའི་ལམ་ལས་འགུལ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ནས་ངྷ་སའི་མི་མང་གི་སློབ་གྲྭ་ཡོངས་གླིང་གི་ཡིག་ཆ་དང་། རྒྱུ་དངོས་ཧིན་སྒོར་འབུམ་ཕྲག་གི་མ་གནས་སློབ་གྲྭ་ལྐོག་ཟ་རུལ་སུངས་བྱས་པའི་ཁ་མཆུ་ཨང་༨ པ་རྒྱ་བོད་ཁྲིམས་ཐོག་ནས་ཐག་གཅོད་བྱས་པ་དེ་དག་ཁྲིམས་ཀྱི་དབང་བསྒྱུར་གྱི་ཐོག་ནས། ལག་བསྟར་ཡོང་ཐབས་སུ་གནས་ཡུལ་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་གི་ཁྲིམས་ཁང་(In the court of PS Rana district judge kangra at Dharamsala H.P) དུ་ཁྲིམས་གཏུག་བྱ་རྒྱུ་ཡིན་ལ། དེ་བཞིན་རྒྱ་གར་གཞུང་གི་གོང་ན་མེད་པའི་ཆེས་མཐོའི་ཁྲིམས་ཁང་(Hight Court) དུ་སླར་ཡང་ཁྲིམས་གཏུག་བྱ་རྒྱུ་ཐག་གཅོད་གཙང་མ་ཟིན་པ་ཡིན།
༡ མི་མང་གི་སློབ་གྲྭ་དེར་ཡོད་རྒྱུ་དངོས་ཚང་མ་རང་གཞུང་ཤེས་རིག་ལས་ཁུངས་སུ་རྩིས་སྤྲོད་དགོས་པ། ༢ ཁ་མཆུ་འགོ་བཙུགས་ནས་ཐག་གཅོད་མ་བྱུང་བར་ཡོངས་གླིང་སློབ་གྲྭའི་འགན་ཁུར་ཤེས་རིག་ལས་ཁུངས་སུ་རྩིས་སྤྲོད་དགོས་པ། ༣ ཁ་མཆུ་ཐག་གཅོད་མ་བྱུང་བར་ཟླ་བ་ཚེ་རིང་གི་ཁྱིམ་ཚང་ཆ་ཚང་ཡོངས་གླིང་སློབ་གྲྭའི་ས་ཁོངས་སམ་ད་ལྟའི་སྡོད་གནས་ནས་ཕྱིར་འཐོན་དགོས་པ། ༤ རྒྱ་བོད་གཉིས་ཀྱིས་ཁྲིམས་ཐག་བཅད་པའི་བཅད་ཁྲར་རྩིས་མེད་རྡོག་རོལ་བཏང་བ་དེར་ཁྲིམས་ཐོག་ཉེས་ཆད་ཡན་པོར་མ་སོང་བ་དང་། བོད་མི་ལྐོག་ཟ་རུལ་སུངས་ད་ལྟ་བྱེད་བཞིན་པ་དེ་དག་དང་། མ་འོངས་པར་ལྐོག་ཟ་རུལ་སུངས་བྱ་རྒྱུའི་བསམ་བློ་ཡོད་མཁན་ཚོའི་མིག་ལྟོས་ལ་ཕན་པའི་ཁྲིམས་འགལ་ཉེས་ཅན་པའི་ལོ་དུས་བཙོན་འཇུག་ཡོང་བ་བྱ་རྒྱུ་ཡིན། སྐབས་དེར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ལྐོག་ཟ་རུལ་སུང་བྱེད་མཁན་གནད་ཡོད་མི་སྣ་སུ་ཡོད་རྣམས་འཛམ་གླིང་མི་མང་གི་ཤེས་རྟོགས་ཡོང་ཐབས་སུ། རྒྱ་གར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་དངོས་སུ་དྲིལ་བསྒྲགས་ཡོང་ཐུབ་པ་བཅས་བྱ་རྒྱུ་ཡིན།
ལྐོག་ཟ་རུལ་སུངས་འགོག་ཐབས་དང་། རྩ་མེད་བཟོ་ཐབས་ལ་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཞུ་རྒྱུ། ཕྲན་ལ་དཔལ་འབྱོར་གྱི་གནས་བབས་ཞན་པར་བརྟེན་རྒྱ་གར་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་རྩོད་པར་ཁ་མཆུ་ཐག་གཅོད་མ་བྱུང་བར་གྱི་གླ་ཡོན་དང་། ཕྲན་གྱི་འགྲོ་སོང་བཅས་ཧིན་སྒོ་འབུམ་༢༠ ལྷག་འགྲོ་ངེས་འདུག་པར་བརྟེན། ཕྱི་རྒྱལ་ཡུལ་གྲུ་གཙོས་པའི་འཛམ་གླིང་མི་མང་ནས་མ་འོངས་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་བཟང་སྤྱོད་ཀྱི་ལམ་ནས་ལྐོག་ཟ་རུལ་སུང་མེད་པའི་སྤྱི་ཚོགས་ཤིག་བསྐྲུན་ཐབས་སུ་ཕྱར་གྲུ་མཉམ་འདེགས་ཀྱིས་ཞལ་འདེབས་གནང་སྐྱོང་ཡོང་བ་ཞུ་བཞིན་ཡོད་ཅེས་འཁོད་འདུག་ལ། དེ་བཞིན་ཁོང་སྒེར་ལ་ཁྲིམས་གཏུག་དེས་ཁེ་ཕན་གང་ཡང་མེད་ཀྱང། སྤྱི་ཚོགས་ལ་འགན་ཁུར་ནས་ཡིན་སྐོར་ཡང་འགྲེལ་བརྗོད་བྱས་སོང་།།