ལྷན་འཛོམས་དེ་ཡི་ཆེད།
གྱེས་བྲལ་གྱི་ནམ་དུས་ལ་མིག་ཆུ་མོད་ཀྱང་།
ལྷན་འཛོམས་ཀྱི་ཀློང་རིམ་ནས་བགོད་སྒྲ་མང་སྟབས།
དེ་རིང་ང་གཉིས་ལ་ལས་སྐལ་མེད་པ་ཤེས་ན་ཡང་།
ལས་དབང་གི་རླུང་བུས་ང་གཉིས་ཁ་ཁར་རྒྱང་དུ་དེད་ཟིན་པ་རྟོགས་མོད།
ད་དུང་།
ང་ནི་རྟོག་འཆར་ལ་དགའ་ལ་སྟོང་བསམ་ལ་མོས་དྲགས་པ་ཨེ་ཡིན་མ་ཤེས་ཀྱང་།
ངས་རྟོག་འཆར་སྒྱུ་མའི་གོ་རིམ་ཁྲོད་ནས།
ང་གཉིས་ཁེ་རེ་ལ་དབང་བའི་འཇིག་རྟེན་ཆུང་ཆུང་ཞིག་བསྐྲུན་ཡིན།
སུ་ཞིག་ལ་ནམ་ཡང་དབང་ཐབས་མེད་པའི་འཇིག་རྟེན་དེ་ནས་ངས་ཁྱེད་ལ་ངང་གིན་བསྒུག
ངས་བསྒུག་བསྒུག་གི་ལོ་ཟླ་ནམ་མཁའི་སྐར་ཚོགས་དང་མཉམ་ཞིང་།
ནག་སྣུམ་གྱི་སྐྲ་ལོས་ཁ་བའི་ལྭ་དཀར་དེ་གྱོན་ཡང་།
ཆེས་མཐའ་མའི་ལྷན་འཛོམས་དེ་ཡི་ཆེད།
ཆེས་མཐའ་མའི་གྱེས་གཏམ་དེ་ཡི་སླད།
ངང་གིན་བསྒུག