བོད་དོན་ཆེད་ཤེར་སྙིང་དང་འཕགས་བསྟོད། མ་ནི་གསོག་སྒྲུབ།

༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་ས་གནས་སུ་ཆིབས་བསྒྱུར་བསྐྱངས་སྟེ། ཉིན་༨ རིང་གི་མཛད་རིམ་ཁག་ལེགས་པར་གྲུབ་ནས། ཟླ་འདིའི་ཚེས་༢༥ ཉིན་གྱི་ཞོགས་པ་ཆིབས་བསྒྱུར་སྐབས་མོན་གྷོ་ས་གནས་ཀྱི་སེར་སྐྱ་ཡོངས་དང་། ལྷག་པར་གདན་ས་དགའ་འབྲས་གཉིས་ཀྱི་མཁན་ལས་ཟུར་རྣམ་པས་༧གོང་ས་མཆོག་ཕེབས་སྐྱེལ་དུ་བཅར་སྐབས།

༧གོང་ས་མཆོག་གིས་དམིགས་བསལ་ཤར་བ་ཆོས་རྗེ་བློ་བཟང་བསྟན་འཛིན་མཆོག་སྐུ་འགྲམ་དུ་སྐད་བཏང་ནས། སྔ་ལོ་ལ་དྭགས་ཞི་བའི་ཚར་ཕོ་བྲང་དུ་ཕེབས་སྐབས། རྟགས་དང་རྟེན་འབྲེལ་ལེགས་པོ་བྱུང་སོང་།  ད་ལོ་ཡང་ང་དེར་སོང་ནས་ཟླ་གཅིག་མ་ཟིན་ཙམ་གྱི་རིང་མཚམས་ལ་སྡོད་རྒྱུ་ཡིན།   ཁྱེད་རྣམས་པ་ཚོའི་ཡིན་ན་ཡང་དེའི་རིང་ཉི་མ་རེ་ལ་མ་ཎི་སྟོང་ཕྲག་རེ་དང་།   ཤེས་རབ་སྙིང་པོ་ཚར་གཉིས་རེ།  འཕགས་པ་སྤྱན་རས་གཟིགས་ཀྱི་བསྟོད་པ་ཚར་གཅིག་རེ་བཅས་རྒྱུན་མ་ཆད་པར་ངེས་པར་དུ་གསུངས་རོགས།  འདི་ནི་ཧ་ཅང་དགོས་གལ་ཆེ་ལ།   བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བ་ལ་འབྲེལ་བ་ཆེས་ཆེན་པོ་ཡོད་པའི་སྐོར་སོགས་གསུངས་ཡོད་འདུག

 

དེར་བརྟེན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གདན་ས་དགའ་འབྲས་གཉིས་ཀྱི་གཙོས་གདན་ས་གྲྭ་ཚང་ཁག་དུ། ཕྱི་ཟླ་༨ པའི་ཚེས་༡ གཅིག་ནས་ཟླ་བ་གཅིག་གི་རིང་ཉིན་ལྟར་མ་ཎི་དང་ཤེས་རབ་སྙིང་པོ་། འཕགས་བསྟོད་བཅས་གསུང་རྒྱུ་གཏན་ཁེལ་ཡོད་སྐོར་དང་།  ལྷག་པར་དུ་གདན་ས་ཆེན་པོ་འབྲས་སྤུངས་ཆོས་སྒར་ལ་ཆ་མཚོན་པ་ཡིན་ན། ཕྱི་ཟླ་༨ པའི་ཚེས་༡ ནས་ཟླ་གཅིག་རིང་ཉིན་ལྟར་དགོང་དྲོ་འཆར་ཅན་ཆུ་ཚོད་༥་༣༠ ཙམ་ལ་དགེ་འདུན་འདས་མང་ཡོང་འབྲས་སྤུངས་བླ་སྤྱི་རུ་ཚོགས་ནས་གོང་བརྗོད་ཁག་གསོག་སྒྲུབ་གནང་རྒྱུ་དང་།  དེ་བཞིན་གྲྭ་ཚང་རེ་ནས་དགེ་བཤེས་༢༠ རེ་ལྷ་མོ་ཁང་ངམ་མགོན་ཁང་དུ་ཚོགས་ནས་མ་ཎི་དང་ཤེར་སྙིང།  འཕགས་བསྟོད་བཅས་ཞབས་རིམ་གནད་སྨིན་ཟླ་གཅིག་རིང་གསོག་བསྒྲུབ་གནང་གཏན་ཁེལ་ཡོད་སྐོར་སོགས་འབྲས་སྤུངས་བླ་སྤྱིའི་ཕྱག་མཛོད་རྒན་པ་དགེ་བཤེས་ངག་དབང་བློ་བཟང་གིས་འབྲེལ་བརྗོད་གནང་སོང་།

མོན་གྷོ་གསར་འགོད་པས།