ངས་ཆུ་དང་ཟས་ནང་ཁྲག་བླུག་གི་མ་རེད།


“ནང་གི་དཀའ་ངལ་གྱིས་རྐྱེན་བྱས་ཏེ་ང་བཟའ་ཟླ་དང་ཅུང་རྒྱང་ཐག་རིང་བའི་སར་མ་བྱིན་གྱི་ལས་ཀ་བྱེད་དུ་སོང་། དུས་ཚོད་སྟོང་པ་ག་དུས་ཡོད་ན་བཟའ་ཟླ་ལ་ཁ་པར་བཏང་ནས་ན་ཚའི་སྐོར་སྐད་ཆ་དྲིས་སྐབས། མོས་ཡང་ནས་ཡང་དུ་ཁྱེད་རང་གིས་ལས་ཀ་ཧུར་ཐག་བྱེད་རོགས་ངའི་ན་ཚ་སྣང་དག་མི་འདུག་ཅེས། གཙོ་བོ་ནང་གི་དཀའ་ངལ་སེལ་ཐབས་སུ་ན་ཚ་ལ་གདོང་ལེན་བྱས་འདུག དེ་ནས་འབྲེལ་ཡོད་ཀྱིས་མོའི་ན་ཚ་སྡུག་ཏུ་སོང་བའི་སྐོར་བརྡ་ལན་བསྐུར་འདུག་པས། ལས་ཀ་ནས་ཉིན་གྲངས་ལྔ་དགོངས་པ་ཞུས་ཏེ་བཟའ་ཟླར་ལྟ་རུ་སོང་བས། མོའི་ལུས་གཞི་ཤིན་ཏུ་ཞན་པོ་གྱུར་ནས་ལྗིད་ཚད་ཀི་ལོ་༢༠ ལྷག་ཙམ་མར་ཆགས་འདུག་་་་་་་་

ངའི་བཟའ་ཟླ་དང་པོ་ཊི་སྦི་ན་ནས་ཟླ་བ་དྲུག་དང་དེ་ནས་ཟླ་བ་བརྒྱད་ཀྱི་སྨན་ཟས་རུང་། ད་དུང་ཡང་དྲག་བསྐྱེད་མ་བྱུང་བས་མཐར་སྨན་ཁང་དུ་བརྟགས་དཔྱད་ཀྱི་འབྲས་བུ་ནི་གཉན་ནད་རེག་དུག་གི་ན་ཚུ་རེད་འདུག དེ་ནས་སྨན་པའི་བཀོད་ཁྱབ་བཞིན་ངས་རང་ཉིད་ཀྱི་ལུས་གཞི་བརྟགས་དཔྱད་བྱེད་སྐབས་གཉན་ནད་རེག་དུག་གི་ན་ཚ་འགོས་འདུག ངེད་གཉིས་ཀའི་ན་ཚ་ནི་སྤྱི་ཚོགས་ཁྲོད་འཛེམས་དགོས་པའི་རིགས་དང། མི་མངོན་པའི་ཚུལ་གྱིས་རང་སྲོག་གཅོད་མཁན་གྱི་ན་ཚ་ཞིག་ཡིན་པས། ངེས་པར་དུ་ཟས་དང་སྨན། སྤྱོད་ལམ། ཁོར་ཡུག་སོགས་ཀྱི་རམ་འདེགས་དགོས་རུང། ངའི་འཚོ་བའི་ཁ་སྟབས་ཞན་པ་དང་ད་དུང་ཤ་ཚ་བའི་བུ་མོ་ཆུང་ངུ་ཞིག་ཀྱང་ཡོད་པས་དཀའ་སྡུག་གི་གནས་སུ་ལྷུང་འགོ་བཙུགས།
བཟའ་ཟླས་ང་ལ་ཁྱེད་ཀྱིས་མ་བྱིན་གྱི་ལས་ཀ་བྱེད་དུ་སོང་། བུ་མོ་དང་ངེད་གཉིས་ཀྱི་འཚོ་བ་རྟེན་ས་ཁྱེད་རང་ཡིན་པས། ལས་ཀ་དེ་ནི་ངེད་གསུམ་གྱི་འཚོ་བའི་རྨང་གཞི་རེད་ཅེས་བཤད་བྱུང་བས་ངས་ཀྱང་མུ་མཐུད་མ་བྱིན་གྱི་ལས་ཀ་བྱས་པར་བསྐྱོད། ཉིན་ཞིག་ཡིག་ཚང་གི་ལས་བྱེད་ཀྱིས་ང་བསྐོངས་ནས། ཁྱེད་ལ་ན་ཚ་ཞིག་ཡོད་འདུག་པས་མ་བྱིན་གྱི་ལས་ཀ་ནས་དགོངས་པ་ཞུ་དགོས་ཞེས་བརྗོད་བྱུང་། ངས་ང་དང་བཟའ་ཟླ་ལ་གཉན་ནད་རེག་སྡུག་གི་ན་ཚ་ཡོད་པ་དངོས་བདེན་རེད། ཡིན་ནའང་ངས་ཊི་མོག་སོགས་བཟོ་སྐབས་གང་གཟབ་གཟབ་ཀྱིས་གནས་ཚུལ་མི་ལྷག་པར་བྱས་ཡོད་ལ་ད་དུང་ཡང་བྱེད་ངེས་ཡིན་ཞེས་ཞུ་བ་བྱས་རུང་དང་ལེན་གནང་མ་བྱུང་། འོ་ན་མཚན་སྲུང་དང་ཡིག་གད་ཀྱི་ལས་ཀ་ཞིག་མཁོ་སྤྲོད་གནང་རོགས་ཞུས་ཀྱང་དེ་ཡང་དང་ལེན་གནང་མ་བྱུང་།
དེ་ནས་ལས་ཀ་ནས་རྩ་དགོངས་ཞུ་དགོས་ཆགས་ནས་ནང་གི་སྒོ་འགྲམ་དུ་སླེབས་སྐབས། སྒེའུ་ཁུང་གི་ཕྱི་ལོག་ནས་ནང་དུ་ལྐོག་བལྟས་བྱས་པས། བཟའ་ཟླ་ཉལ་ནས་འདུག་ལ་བུ་མོས་ཨ་མ་ཨ་མ་ཞེས་ལག་པས་རེག་ཙམ་དང་སྐོར་ཙམ་བྱས་ནས་བསྡད་འདུག ངས་ལས་ཀ་ནས་ཕྱིར་ཕུད་བཏང་སོང་ཟེར་ན་བཟའ་ཟླས་སེམས་ཁྲེལ་བྱེད་ཀྱི་རེད་བསམ་ནས། ཟླ་བ་གཉིས་དགོངས་པ་ཞུས་ནས་ཁྱེད་ལ་ལྟ་རྟོག་བྱེད་དུ་ཡོང་ཡོད་ཅེས་རྫུན་བཤད་པ་ཡིན། དེ་ནས་ཉིན་གྲངས་རིམ་གྱིས་འདས་འགྲོ་བ་དང་འཚོ་བའི་དགོས་མཁོ་ཁག་ཀྱང་ཇེ་ཞན་ཇེ་སྡུག་ཏུ་སོང་ནས་རང་འགུལ་གྱི་ལས་ཀ་ཞིག་བྱེད་རྒྱུའི་འཆར་གཞི་བསྒྲིགས་པ་ཡིན།
ངའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་སར་བཅར་ནས། ཧིན་སྒོ་ཉིས་ཁྲི་ལྔ་སྟོང་ཐམ་པ་གཡར་པོ་གནང་རོགས། སློབ་གྲྭའི་ཉེ་འགྲམ་དུ་ཟ་ཁང་ཆུང་ངུ་ཞིག་འཛིན་རྒྱུའི་འཆར་གཞི་ཡོད་ཅེས་ཞུས་པས། ཁོང་གིས་ངའི་ནང་མིའི་གནས་བབས་མཁྱེན་གྱི་ཡོད་པས་ལོ་གཉིས་ཀྱི་རྗེས་སུ་དངུལ་ཕྱིར་སློག་ཐུབ་པ་དགོས་ཞེས་གསུངས་ཏེ་གཡར་པོ་གནང་བྱུང།དེ་ནས་བག་ལེབ་སོགས་བཙོང་ནས་དཔལ་འབྱོར་གྱི་གནས་བབ་ཅུང་ཟད་བཟང་དུ་སོང་བ་དང་། ཁང་གླ་དང་འོ་མའི་རིན་པ། རྒྱུན་ལྡན་བདུན་རེའི་ནང་ཤ་ཐེངས་ཅིག་ཟ་ཡི་ཡོད་པ་ནས་ཐེངས་གསུམ་ཟ་ཐུབ་པ་དང་། ཤིང་ཏོག་གི་ཁུ་བ་སོགས་ནད་གཞི་གསོ་བའི་བཅུད་ལྡན་གྱི་ཟས་རིགས་ཉོ་ཐུབ་པས། ངེད་ནང་མི་གསུམ་གྱི་གཟུགས་གཞི་ལ་ནུས་ཤུགས་རྒྱས་འགོ་བཙུགས་པ་དང་སྦྲགས་ནས། བུ་མོ་ལའང་རྔན་པ་ཆུག་ཙག་རིགས་ཉོས་ནས་དགའ་སྣང་འཕེལ།
ཟ་ཁང་དེ་གཉེར་ནས་ཟླ་གྲངས་ལྔ་ཙམ་སོང་ཡོད་པ་དང། ཉིན་ཞིག་གློ་བུར་དུ་བག་ལེབ་ཉོ་མཁན་གཅིག་ཀྱང་མེད་པ་ཆགས་སོང་བས། ང་དོགས་པ་ཟ་ནས་སློབ་གྲྭའི་འབྲེལ་ཡོད་ཀྱི་ལས་བྱེད་སོགས་ལ་སྐད་ཆ་དྲིས་སྐབས། ཁྱེད་བཟའ་ཚང་གཉིས་ལ་ནད་གཞི་ཁྱད་མཚར་ཞིག་ཡོད་འདུག་པས། ཟས་དེ་རིགས་སློབ་མ་སོགས་ཀྱིས་ཉོས་ན་འགྲིག་གི་མ་རེད་ཅེས་གསུངས་བྱུང་། ངས་འོ་ན་སྐམ་རིགས་མངར་ཟས་སོགས་བཙོང་ཆོག་པའི་ཆོག་མཆན་ཞུས་ཀྱང་དེའང་ཆོག་མཆན་ཐོབ་མ་སོང་། ང་ཕྱིར་ཟ་ཁང་ནང་ལོག་སྐབས་བཟའ་ཟླས་བག་ལེབ་སོགས་རྒྱུན་ལྡན་བཞིན་གྲ་སྒྲིག་བྱས་ཏེ་ཉོ་མཁན་ཡོང་མིན་ལ་བསྒུགས་ནས་བསྡད་འདུག ངས་མོ་ལ་གནས་ཚུལ་ཆ་ཚང་བཤད་པ་དང་ངེད་གཉིས་སླར་ཡང་སྡུག་བསྔལ་གྱི་གནས་སུ་ལྷུང་སོང་།  དེ་བས་ཀྱང་སེམས་ཚབས་ཆེ་བ་ནི་གཡར་བུན་བྱས་པའི་སྒོར་ཉིས་ཁྲི་ལྔ་སྟོང་དེ་ཇི་ལྟར་ཁ་གསབ་དགོས་མིན་དེ་རེད། 
ངས་རང་ཉིད་འཆི་ཡང་འགྱོད་པ་མེད་པའི་ཐོག་ནས་བཟའ་ཟླ་དང་བུ་མོ་གཉིས་ཀྱི་དཀའ་ངལ་སེལ་ཐབས་གཙོ་འདོན་བྱེད་ཀྱི་ཡོད་པས། དེ་ནས་གཞིས་ཆགས་ཀྱི་ཆུ་གཏོང་གི་ལས་ཀ་འཚོལ་དུ་ཕྱིན་པ་ཡིན། རླུང་རྟ་རྒྱུགས་པ་ཞིག་ལ་ཆུ་གཏོང་གི་ལས་ཀ་དེ་རག་སོང་བས་ཟླ་རེར་གླ་ཆ་ཧིན་སྒོ་ཉིས་སྟོང་རེ་ཐོབ་ཀྱི་འདུག ཡང་གཞིས་མི་ཚོས་ན་ཚ་དེ་འདྲ་ཡོད་མཁན་གྱི་མི་ཞིག་གིས་ཆུ་བཏང་ན་འགྲིག་གི་རེད་པས་ཅེས་གླེང་སློང་བྱུང་བས་ལས་ཀ་དེ་ཤོར་སོང་། ན་ཚས་མནར་བའི་ཐོག་ཁོར་ཡུག་གིས་ཤུགས་རྐྱེན་གྱིས་སྡུག་ཏུ་འགྲོ་སོང། ང་ཟ་ཁང་དང་ཆུ་གཏོང་གི་ལས་ཀ་ནས་ཕྱིར་དོན་དགོས་བརྗོད་སྐབས། ངས་ངའི་ན་ཚ་ཁྲག་དང་འཁྲིག་སྤྱོད་སོགས་ལས་འགོས་ཀྱི་ཡོད་པས་དེ་མིན་གྱི་ཉེན་ཁ་མེད་ལ། ངས་ཆེད་དུ་དམིགས་ནས་ཟས་དང་ཆུའི་ནང་ངའི་ཁྲག་བླུགས་ཀྱི་མ་རེད་ཅེས་ཞུ་བ་ཐེངས་མང་ཞུས་ཀྱང་། ཁོར་ཡུག་གི་ཤུགས་རྐྱེན་དེས་ནད་པར་སྙིང་རྗེ་བྱེད་ཀྱི་མི་འདུག 
དེ་ནས་བོད་གཞུང་འཕྲོད་བསྟེན་ལས་ཁུངས་སོགས་ལ་ཞུས་ནས་རོགས་རམ་གང་འཚམས་གནང་བྱུང་ལ། འབྲེལ་ཡོད་སྨན་པ་བསོད་ནམས་ལགས་ཀྱིས་ངེད་བཟའ་ཚང་གཉིས་ལ་སྦྱིན་བདག་འཚོལ་ནས་ཟླ་རེ་ལ་སྒོར་བཞི་སྟོང་རེ་གནང་གི་འདུག གཉན་ནད་རེག་དུག་གི་ན་ཚ་ཡོད་མཁན་ཚོར་ན་ཚར་གདོང་ལེན་བྱེད་ཕྱོགས་ཀྱི་ལམ་སྟོན་སོགས་གནང་བྱུང་བས་བཀའ་དྲིན་ཆེན་པོ་ཡིན། ན་ཚ་འདིའི་རིགས་ཀྱི་བརྒྱུད་རིམ་བོད་པའི་གཞིས་ཆགས་ལ་དྭགས་དང་མོན་གྷོ་སོགས་སུ་གཏམ་གླེང་བྱེད་དུ་ཡོང་བའི་རེ་སྐུལ་བྱས་བྱུང་བས་དང་ལེན་ཞུས་པ་ཡིན། 
ད་ལྟའི་སྐབས་ངའི་བུ་མོ་མ་སུ་རིའི་སློབ་གྲྭའི་འཛིན་གྲྭ་དྲུག་པར་འགྲིམས་བཞིན་ཡོད། དུས་དུས་སུ་ཁྲག་བརྟགས་དཔྱད་བྱེད་པར་འགྲོ་དགོས་ཀྱི་ཡོད་པས། ཁྱིམ་ཚང་ཨ་མས་ཁྱེད་ཁྲག་བརྟགས་དཔྱད་བྱེད་པར་མང་པོ་དེ་འདྲ་འགྲོ་དགོས་དོན་གང་ཡིན་ནམ་ཞེས་སྐད་ཆ་དྲིས་པའང་བྱུང་འདུག ངེད་ཕ་མ་གཉིས་ཀྱིས་མོ་ལ་ན་ཚ་འདིའི་རིགས་གསང་བ་བྱས་ཡོད་པས། མོས་ངེད་གཉིས་ལ་ན་ཚ་འདི་ཡོད་མེད་ཤེས་ཀྱི་མེད། ངས་སྔོན་དུས་ཕ་མ་ན་ཚ་འདིའི་རིགས་ཡོད་མཁན་སློབ་གྲྭ་ནས་ཕྱིར་ཕུད་པའི་ལོ་རྒྱུས་གོ་མྱོང་ཡོད་པས་མཚམས་རེ་སེམས་ཁྲེལ་ལངས་ཀྱི་འདུག”
སྐྲ་ལོ་ཅུང་ཟད་སྲབ་ཅིང་གདོང་མདོག་ནག་ལ་གཉན་ནད་རེད་དུག་གིས་ཟིན་པའི་དམ་ཆོས་ཀྱིས། རས་ལྗང་མདོག་ཅན་གྱི་ལྷམ་གོག་དང་ཇིང་གི་གོས་ཐུང་སྔོན་པོ། སྟོད་གོས་ནག་པོའི་འོག་ཏུ་བལ་གོས་སྐྱ་བོ་ཞིག་གྱོན་ནས། གཏམ་གླེང་ཤིང་སྒྲོམ་ལ་དམ་དུ་བཟུང་ཞིང་རྒྱང་བསྒྲགས་ཀྱི་རྩེ་མོར་མཆུ་ཤ་ཐུག་ཙམ་ཐུག་ཙམ་བྱས་ཏེ་བཤད་སོང་། ཕྱི་ལོ་༢༠༡༡ ཟླ་༡༢ ཚེས་༡ ཉིན་རྒྱལ་སྤྱིའི་གཉན་ནད་རེག་དུག་གི་ཉིན་མོར་བྲིས།