རང་བཙན་གཏམ་བརྗོད་བྱས་པའི་ཉེས་མིང་འོག་ཁྲིམས་ཆད།

བོད་མདོ་སྨད་རེབ་གོང་མདོ་བ་ནས་ཡིན་པའི་ཨ་ཁུ་རྒྱ་སྟག་ལ་རྒྱ་ནག་གཞུང་གིས་བོད་རང་བཙན་གྱི་གཏམ་བརྗོད་སྤེལ་བའི་ཉེས་མིང་འོིག ལོ་༤ དུས་བཀག་ཁྲིམས་ཐག་བཅད་ཡོད་འདུག

དེ་ཡང་འབྲེལ་ཡོད་ཀྱིས་ཕྱི་ཟླ་༨ ཚེས་༡༡ ཉིན་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ལོ་སྔོན་མའི་ཕྱི་ཟླ་༡༡ པའི་ནང་བོད་མདོ་སྨད་གོང་རེབ་གོང་ས་ཁུལ་དུ་རང་ལུས་མེར་སྲེག་གིས་རྒྱ་གཞུང་གི་སྲིད་ཇུས་ལ་ཞི་རྒོལ་ཤུགས་ཆེར་སྤེལ་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་དོན་རྐྱེན་དེ་དག་དང་འབྲེལ་བ་ཡོད་སྐོར་བརྗོད་དེ་འཛིན་བཟུང་བྱས་པའི་ཁྲོད་ཨ་ཁུ་རྒྱ་སྟག་ལ་ད་ལོའི་ཕྱི་ཟླ་༢ པའི་ཚེས་༨ ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྒྱ་སྟག་གིས་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱས་པའི་ཉེས་མེད་ཉེས་འཛུགས་ཀྱིས་གྱོད་གཞིར་ཁྲིམས་ར་ནས་ཁྱབ་བསྒྲགས་བྱས་སྟེ ། རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱས་པའི་ནག་ཉེས་ལ་ལོ་བཞིའི་དུས་བཀག་བཙོན་འཇུག་གི་ཉེས་ཆད་བཅད་ཅིང་ལོ་གཉིས་ཀྱི་ཆབ་སྲིད་ཁེ་དབང་ཕྲོགས་ནས་ཁྲིམས་ཐག་བཅད་ཡོད་པ་རེད།

གནས་ཚུལ་མཁོི་སྤྲོད་པས་བརྗོད་པ་ལྟར་ན། “རྒྱ་ནག་གཞུང་གིས་༢༠༡༣ ལོའི་ཟླ་༢ པའི་མཚོ་སྔོན་ཉིན་རེའི་ཚགས་པར་སྟེང་གནས་ཚུལ་བཀོད་ཡོད་པ་ལྟར་ན།  ༢༠༡༢ ལོའི་ཟླ༡༡ པར། ཐུན་རིན་རྫོང་མདོ་བ་ཡུལ་ཚོ་ནས་རང་སྲེག་དོན་རྐྱེན་ཐེངས་མང་བྱུང་རྗེས། ཞུ་སྦྱོར་ཕྱི་མ་བ་རྒྱ་སྟག་གིས་མི་གཞན་དང་མཉམ་དུ་སྒོར་མོ་དང་དངོས་རྫས་ཁྱེར་ནས་རང་སྲེག་མཁན་བསྟན་ཆེ་གེ་མོ་དང་སྙིང་ཆེ་གེ་མོ། ལྷུན་ཆེ་གེ་མོ་སོགས་ཀྱི་ཁྱིམ་དུ་འཚམས་འདྲིར་ཕྱིན་སྐབས། རང་སྲེག་མཁན་གྱི་ཁྱིམ་མི་དང་དེར་ཡོད་ཀྱི་མང་ཚོགས་ལ་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱེད་པའི་གཏམ་བརྗོད་སྤེལ ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བལྟས་ན། ཞུ་སྦྱོར་ཕྱི་མ་བ་རྒྱ་སྟག་གིས་རང་སྲེག་མཁན་གྱི་ཁྱིམ་ནས”བོད་རང་བཙན”གྱི་གཏམ་བརྗོད་སྤེལ་བའི་བྱ་སྤྱོད་དེས་རྒྱལ་ཁབ་ཁ་བྲལ་གཏོང་བའི་ནག་ཉེས་བསགས་ཡོད། གཞུང་གཏུག་སྡེ་ཁག་གིས་སྐྱོན་འདོན་ཞུ་གཏུག་བྱས་པའི་གནས་ཚུལ་ཁ་གསལ་ལ་བདེན་དཔང་འཛོམས་པས་ནག་ཉེས་བསགས་ཡོད་པ་ཐག་ཆོད་པ་རེད། ཞུ་སྦྱོར་ཕྱི་མ་བ་རྒྱ་སྟག་གིས་ཉེས་པ་བསགས་པའི་དོན་དངོས་དང་ངོ་བོ། ཉེས་པ་བསགས་པའི་གནས་ཚུལ་དང་སྤྱི་ཚོགས་ལ་ནག་ཉེས་བཟོས་ཚད་བཅས་ལ་གཞིགས་པའི་ཁར། གཞུང་གཏུག་དང་བཤེར་རྩོད་ཕྱོགས་གཉིས་ཀྱི་བསམ་འཆར་ལ་བསམ་གཞིག་གང་ལེགས་བཏང་ནས། ཁྲིམས་ཁང་གིས་ཁྲིམས་ལྟར་གོང་གསལ་གྱི་ཁྲིམས་ཐག་བཅད་པ་རེད།” ཅེས་འཁོད་ཡོད་འདུག

གནས་ཚུལ་དེའི་ནང་དུ་མུ་མཐུད་དུ་མཁོད་དོན།  “ཞུ་སྦྱོར་ཕྱི་མ་བ་རྒྱ་སྟག་གིས་ཉེས་པ་བསགས་པའི་དོན་དངོས་དང་ངོ་བོ། ཉེས་པ་བསགས་པའི་གནས་ཚུལ་དང་སྤྱི་ཚོགས་ལ་ནག་ཉེས་བཟོས་ཚད་བཅས་ལ་གཞིགས་པའི་ཁར། གཞུང་གཏུག་དང་བཤེར་རྩོད་ཕྱོགས་གཉིས་ཀྱི་བསམ་འཆར་ལ་བསམ་གཞིག་གང་ལེགས་བཏང་ནས། ཁྲིམས་ཁང་གིས་ཁྲིམས་ལྟར་གོང་གསལ་གྱི་ཁྲིམས་ཐག་བཅད་པ་རེད། ཞུ་སྦྱོར་ཕྱི་མ་བ་རྒྱ་སྟག་གི་གཉེན་ཉེ་དང་ལས་རིགས་ཁག་གི་མང་ཚོགས་༡༠༠ ལྷག་གིས་ཁྲིམས་ཁང་གི་ཞིབ་གཅོད་དང་བཅད་ཁྲ་བསྒྲགས་པར་ཟུར་ཉན་བྱས། ༢༠༡༣ ལོའི་ཟླ་༢ པའི་མཚོ་སྔོན་ཉིན་རེའི་ཚགས་པར་སྟེང་བཀོད་ཡོད་ཅེས་”མཚོ་སྔོན་ཞིང་ཆེན་དྲི་སྒྲོགས་པུའུ་ཟེར་བས་བསྒྲགས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པར་བོད་ནས་འབྲེལ་ཡོད་ཀྱིས་བརྗོད་པ་ལྟར་ན། “ཕྱི་ལོ་༢༠༡༢ ལོའི་ཕྱི་ཟླ་༡༡ པའི་ཚེས་༡༡ ཉིན་སྔ་རྗེས་སུ་རེབ་གོང་མདོ་བ་ས་ཁུལ་དུ་ཞིང་ཆེན་དང་རྫོང་རིམ་པའི་རྒྱ་ནག་དམར་ཤོག་འགོ་ཁྲིད་ཀྱི་ལས་བྱེད་མི་སྣ་ཡོང་སྟེ། མདོ་བ་ཡུལ་ཚོ་རུ་སྔ་ཕྱིར་རང་ལུས་མེར་སྲེག་གི་དོན་རྐྱེན་ཐེངས་མང་བྱུང་སྐབས་སུ་དེ་དང་འབྲེལ་ནས་བོད་མི་ཚོས་ངོ་རྒོལ་བྱེད་དོན་ཐད་རྩད་ཞིབ་བྱས་སྐབས། ཨ་ཁུ་རྒྱ་སྟག་གིས་ཞིང་ཆེན་ནས་ཡོང་བའི་རྒྱ་གཞུང་གི་ལས་བྱེད་པར་ངོ་རྒོལ་གྱིས་རྣམ་འགྱུར་མི་ལེགས་པར་བསྟན་ཏེ། རང་ལུས་མེར་སྲེག་གི་གནས་ཚུལ་བྱུང་སྐབས་མདོ་བ་ཡུལ་ཚོ་རུ་མི་མང་འདུ་འཛོམས་དང་སྐད་འབོད་ཁྲོམ་བསྐོར་སོགས་ཀྱི་མགོ་ཁྲིད་མཁན་ཚང་མ་ངེད་རང་ཉིད་ལས་མི་གཞན་སུ་ཡང་མིན་སྐོར་བརྗོད་པ་དང་། ད་དུང་ཁོས་བོད་ཀྱི་སྲོལ་རྒྱུན་འགྲོ་ལུགས་ལྟར་ཚེ་འདས་དག་གི་ཁྱིམ་མི་ལ་སེམས་གསོའི་སྐད་ཆ་ཙམ་བཤད་པ་དང་། མཆོད་མེ་ཞལ་འདེབས་ཙམ་ཕུལ་བའི་རྐྱེན་གྱིས་ད་ཆར་ཁོང་ལ་རྒྱ་ནག་གཞུང་གིས་འདི་ལྟར་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་ཞིག་ཡིན་འདུག་༥ཅེས་འགྲེལ་བརྗོད་བྱས་འདུག

ཨ་ཁུ་རྒྱ་སྟག་ནི་རེབ་གོང་མདོ་བའི་ཁོངས་ཚོ་བ།  ཁྱུ་ལྔ། རྒྱ་འདུ། ཡོ་ལག ཁ་སྐྱ སྡོང་ངེ་། བཅས་ཡོད་པའི་ནང་དུ་ཁྱུ་ལྔ་འཚོ་བ་ནས་ཡིན་པ་དང་། རང་ལོ་༦༣ ཡིནའདུག ད་ལྟ་ཁོང་ཟི་ལིང་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་ཡོད་པའི་གནས་ཚུལ་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ༢༠༡༢ ལོའི་ཕྱི་༡༡ ནང་བོད་མདོ་སྨད་རེབ་གོངདུ་ཟླ་ ༡༡ ཚེས་ ༨ ཉིན་རེབ་གོང་མདོ་བ་འབྲོག་སྡེའི་རྒྱལ་གཅེས་དཔའ་བོ་སྐལ་བཟང་སྦྱིན་པས། རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་དང་།  མདོ་བ་ཡུལ་ཚོ་སྒྲོ་རོང་པོ་སྡེ་པའི་སྒྲོ་ཚང་ཚོ་བའི་རང་ལོ་ ༢༣ ཡིན་པའི་བུད་མེད་རྟ་མགྲིན་མཚོ་ལགས་དང་། མདོ་བ་སྒྲོ་རོང་བོ་སྡེ་པའི་ལོ་ན་༢༤ སོན་པ་སྙིང་དཀར་བཀྲ་ཤིས།  དེ་ནས་མདོ་བ་ཞང་ས་གནས་སྲིད་གཞུང་གི་སྒོ་འགྲམ་དུ་བོད་མི་ལོ་ན་༡༩ ཅན་གྱི་སྙིང་ལྕགས་བྱམས་གཉིས་ཀྱིས་སྔ་ཕྱིར་རང་ལུས་མེར་སྲེགས་བཏང་། གཞན་རེབ་གོང་མདོ་བ་འབྲོག་ཡོ་ལག་སྡེ་པའི་རང་ལོ་༡༨ ཡིན་པ་རྒྱལ་གཅེས་དཔའ་བོ་ཀླུ་འབུམ་ཚེ་རིང་ (སྐབས་དེར་གསར་ལམ་ཁག་ཏུ་ཀླུ་འབུམ་རྒྱལ་བྲིས་ཡོད་འདུག) གིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་སྐུ་གྲོངས་ཡོད་པ་རེད།།