དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་ཡིག་དྲ་རྒྱར་གནོད་སྐྱོན།

ཉེ་ཆར་ཨ་རིའི་དྲ་ལམ་བདེ་འཇགས་ལྟ་སྲུང་ཚོགས་པ་ཞིག་གིས་བརྗོད་པ་ལྟར་ན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་ཡིག་དྲ་རྒྱའི་ནང་དུ་དྲ་འབུ་ཡོད་པའི་མཉེན་ཆས་ཀྱིས་འཇབ་རྒོལ་བྱས་ཏེ། དྲ་རྒྱ་ལྟ་ཀློག་བྱེད་པ་པོའི་གློག་ཀླད་ནང་དུའང་དྲ་རྒྱ་དེ་བརྒྱུད་ནས་དྲ་འབུ་འཛུལ་སྲིད་པའི་ཉེན་བརྡ་བཏང་ཡོད་པ་རེད།

ཨ་རིའི་དྲ་ལམ་བདེ་འཇགས་ལྟ་སྲུང་ཚོགས་པ་(Kaspersky Lab)ཞེས་པའི་བདེ་སྲུང་ཞིབ་འཇུག་པ་(Kurt Baumgartner)ཡིས་རོའུ་ཌར་གསར་ཁང་ལ་དེའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་དང་།  ཁོང་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་ཡིག་དྲ་རྒྱའི་ནང་གི་དྲ་འབུ་གཙང་སེལ་བྱས་མ་ཚར་བར་དུ། གནས་སྐབས་རིང་དྲ་རྒྱ་དེ་ལྟ་ཀློག་མི་བྱེད་པའི་བསམ་འཆར་འདོན་ཡོད་འདུག  ཡིན་ནའང་བོད་མིའི་སྒྲིག་འཛུགས་ཀྱི་དབྱིན་ཡིག་དང་བོད་ཡིག་གི་དྲ་རྒྱའི་བདེ་འཇགས་ལ་གནོད་སྐྱོན་ཕོག་མེད་པ་རེད།

ཁོང་གིས་འགྲེལ་བརྗོད་བྱས་པ་ལྟར་ན། ཕྱི་ལོ་༢༠༡༡ ལོ་ནས་བཟུང་ཡོང་ཁུངས་གཅིག་པའི་དྲ་རྒྱ་གཏོར་རྒོལ་བ་ཁག་ཅིག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་ཡིག་དྲ་རྒྱར་གཏོར་རྒོལ་རྒྱུན་མ་ཆད་པར་བྱས་ཡོད་པ་དང་། དེ་དང་ཕྱོགས་མཚུངས་ཨེ་ཤི་ཡའི་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་སྒྲིག་འཛུགས་ཁག་གི་དྲ་རྒྱ་ལའང་གཏོར་བཤིག་བཏང་ཡོད་འདུག

ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། དྲ་ལམ་གཏོར་རྒོལ་བས་ལྗ་བ་(Java) ཡི་བདེ་འཇགས་འགོག་སྲུང་ཞན་པའི་མཉེན་ཆས་བཀོལ་སྤྱོད་བྱས་ཏེ། དམིགས་འབེན་གྱི་དྲ་རྒྱའི་ནང་དུ་དྲ་འབུ་གཏོང་བཞིན་པ་དང་། དྲ་རྒྱ་ལྟ་ཀློག་མཁན་གྱིས་དྲ་འབུ་ཡོད་པའི་དྲ་ངོས་སྒོ་འབྱེད་སྐབས། ལྟ་ཀློག་མཁན་གྱི་གློག་ཀླད་ནང་དུ་ནད་ཡམས་ཁྱབ་པ་ལྟར། དྲ་འབུ་འཛུལ་ཡོང་གི་ཡོད་ཅིང་། དེ་ནི་དྲ་ལམ་གཏོར་རྒོལ་བ་ལ་ལྟག་སྒོ་ཕྱེ་བ་དང་གཅིག་མཚུངས་ཆགས་ཀྱི་ཡོད་པ་རེད། །