བོད་མིས་རྒྱ་གར་གྱི་མིང་སྲིང་སྒྲིག་པའི་ཉིན་མོ་སྲུང་བརྩི།
![]()
དེ་རིང་ཞོགས་པར་དྷ་སའི་ས་གནས་བུད་མེད་དང་ཧི་མ་ལ་ཡའི་ཁྱིམ་ཚང་ཞེས་པའི་གོ་སྒྲིག་འོག རྒྱ་གར་གྱི་སྲོལ་རྒྱུན་བྱེད་སྒོ་མིང་སྲིང་སྒྲིག་པའི་ཉིན་མོ་སྲུང་བརྩི་བྱས་སོང་ལ། ཉིན་མོ་འདི་དྷ་སར་སྲུང་བརྩི་བྱེད་དགོས་དོན་ནི་བོད་མི་དང་རྒྱ་གར་ཡུལ་མིའི་བར་འབྲེལ་བ་བཟང་དུ་གཏོང་ཆེད་དུ་ཡིན་པ་རེད་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༠ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༡ སྟེང་མེག་གྷན་དྷ་སར་ཡོད་པའི་བདེ་དོན་ལས་ཁུངས་ཀྱི་ཚོགས་ཁང་དུ། དྷ་སའི་ས་གནས་བུད་མེད་དང་ཧི་མ་ལ་ཡའི་ཁྱིམ་ཚང་ཞེས་པའི་གོ་སྒྲིག་འོག རྒྱ་གར་གྱི་སྲོལ་རྒྱུན་བྱེད་སྒོ་(Raksha Badhan )་ཞེས་པ་སྟེ་བུ་མོ་ཚོས་བུའི་ལག་པར་སྐུད་པ་འདྲ་མིན་དང་། ལག་གདུབ་སོགས་བསྐོན་ཏེ་མིང་སྲིང་སྒྲིག་པའི་ཉིན་མོ་སྲུང་བརྩི་བྱས་སོང་ལ། སྐབས་དེར་སྐུ་མགྲོན་གཙོ་བོ་DFO Dharamshala ཞེས་པའི་ཁོར་ཡུག་གི་དཔོན་རིགས་ཆེ་ཤོས་ལྕམ་Basu Kaushal གྱིས་གཙོས། རྒྱ་གར་གྱི་ཚོགས་པ་ཁག་ཅིག་གི་འགན་འཛིན་དང་། དྷ་སའི་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་སོགས་སྐུ་མགྲོན་ཁག་ཅིག་དང་། དེ་བཞིན་བོད་མི་དང་རྒྱ་གར་གྱི་ཡུལ་མི་བཅས་མཉམ་འཛོམས་བྱས་འདུག
དེ་ནས་ཧི་མ་ལ་ཡའི་ཁྱིམ་ཚང་ཞེས་པའི་ཚོགས་པའི་ཚོགས་གཞོིན་འཆི་མེད་གཡང་དྲུང་གིས་དུས་དྲན་སྲུང་བརྩིའི་གསུང་བཤད་གནང་སྐབས། དེ་རིང་གི་ཉིན་མོི་འདི་རྒྱ་གར་གྱི་དུས་དྲན་ཁྱད་པར་ཅན་ཞིག་ཆགས་ཀྱི་ཡོད་པ་དང་། ཉིན་མོ་འདིར་རྒྱ་གར་གྱི་ས་གནས་ཚང་མ་ནས་བུ་མོ་ཚོས་བུའི་ལག་པར་སྐུད་པ་སོགས་བཏག་སྟེ་སྤུན་མཆེད་བཟོ་བའི་ཉིན་མོར་སྲུང་བརྩི་བྱེད་ཀྱི་ཡོད་པར་བརྟེན། དྷ་སར་ཡང་ང་ཚོས་ཉིན་མོ་འདི་སྲུང་བརྩི་བྱས་པ་དང་འབྲེལ། བོད་མི་དང་རྒྱ་གར་གྱི་ཡུལ་མིའི་བར་བདེ་འཇགས་ཡོང་ཆེད་དང་མི་རིགས་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་ཆེད་དུ་ཡིན་སྐོར། དེ་བཞིན་བར་སྐབས་ཤིག་ནས་རྒྱ་གར་ཡུལ་མི་དང་བོད་མིའི་སྤྱི་ཚོགས་བར་ཚོགས་འདུ་དང་བགྲོ་གླེང་དེ་འདྲ་བྱུང་མེད་པར་བརྟེན། ད་ལོར་དམིགས་བསལ་གྱིས་ཡུལ་མི་ཕན་ཚུན་བར་ལ་འབྲེལ་བ་ཡོང་ཆེད་དུ་ཡིན་སྐོར་སོགས་གསུངས་སོང་།
དེ་རྗེས་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་སྒྲོལ་མས་Intach ཞེས་པའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་སྲུང་སྐྱོབ་བྱེད་མཁན་གྱི་ཚོགས་པ་དེའི་འགན་འཛིན་སྐུ་ཞབས་L.N.Aggarwal་གྱི་ལག་པར་སྐུད་པ་བཏག་པ་དང་། དེ་བཞིན་རྒྱ་གར་གྱི་བུ་དང་བུ་མོ་ཁག་ཅིག་གིས་དུས་དྲན་སྲུང་བརྩི་དང་འབྲེལ་བའི་གཞས་བཏང་སྟེ་ཉིན་མོ་སྲུང་བརྩི་བྱས་སོང་།
རྩ་བས་ཉིན་མོ་འདི་དྷ་སའི་ས་གནས་བུད་མེད་ཀྱིས་ལོ་རྟག་པར་སྲུང་བརྕི་བྱེད་ཀྱི་ཡོད་པ་དང་། ཧི་མ་ལ་ཡའི་ཁྱིམ་ཚང་ཞེས་པའི་ཚོགས་པ་དེ་༢༠༠༣ ལོར་གསར་དུ་བཙུགས་པ་ཞིག་ཡིན་འདུག
