ཁམས་འབྲི་རུ་རྫོང་གི་སློབ་མ་༢ གར་སོང་ཆ་མེད།

2013_8_21

ཁམས་འབྲི་རུ་རྫོང་གི་སློབ་མ་བཀྲ་ཤིས་ཆོས་དབང་དང་ཨ་བུ་བསོད་ནམས་ཟེར་བ་གཉིས་ལོ་སྔོན་མར་རྒྱ་གཞུང་གིས་ལྷ་ས་ནས་འཛིན་བཟུང་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༡ ཉིན་བོད་ནས་འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ལོ་སྔོན་མའི་ཕྱི་ཟླ་༡༠ ཚེས་༤ ཉིན་ཁམས་འབྲི་རུ་རྫོང་ནས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གཏོང་མཁན་བོད་མི་དགུ་འགྲུབ་ཀྱི་ཚ་བོ། ཁམས་འབྲི་རུ་རྫོང་ནས་ཡིན་པའི་སློབ་མ་བཀྲ་ཤིས་ཆོས་དབང་དང་མོ་པ་གྲོང་ནས་ཡིན་པ་ཨ་བུ་བསོད་ནམས་ཟེར་བ་གཉིས། ལོ་སྔོན་མའི་སྤྱི་ཟླ་༡༠ ཚེས་༦ ཉིན་གྱི་དགོང་མོར་རྒྱ་གཞུང་གི་ཉེན་རྟོག་པས་ལྷ་ས་ནས་འཛིན་བཟུང་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

2013_8_21དེ་སྔོན་ཁོང་གཉིས་ལྷ་སའི་དུང་དཀར་སློབ་གྲྭར་ཞུགས་ཏེ་སློབ་སྦྱོང་བྱེད་མྱོང་ཡོད་འདུག་པ་དང་། ཕྱིས་སུ་བཀྲ་ཤིས་ཆོས་དབང་རྒྱ་ནག་ལ་སློབ་སྦྱོང་བྱེད་དུ་སོང་ཡོད་ན་ཡང་། རྒྱལ་གཅེས་དཔའ་བོ་དགུ་འགྲུབ་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་གི་བདེན་དོན་ཆེད་རང་ལུས་མེར་སྲེག་བཏང་སྟེ་སྐུ་གཤེགས་རྗེས། རྒྱ་གཞུང་གིས་ཁོང་གི་ནང་མི་དང་ཉེ་འབྲེལ་ཚོར་དམ་དྲག་བྱེད་སྐབས་ཚ་བོ་བཀྲ་ཤིས་ཆོས་དབང་ཡང་རྒྱ་ནག་ནས་ཡར་ཡོང་དགོས་པའི་བཙན་བཀའ་བཏང་བར་བརྟེན། ཁོང་ལྷ་སར་འབྱོར་རྗེས་ཁོང་གི་སློབ་གྲོགས་ཨ་བུ་བསོད་ནམས་དང་མཉམ་དུ་འཛིན་བཟུང་བྱས་ཡོད་པ་རེད། བཀྲ་ཤིས་ཆོས་དབང་གི་ཕ་མིང་ལ་ཀླུ་འབུམ་ཟེར་གྱི་ཡོད་པ་དང་། ཨ་བུ་བསོད་ནམས་ཀྱི་ཕ་མིང་ལ་དཀོན་མཆོག་བཀྲ་ཤིས་དང་། མ་མིང་ལ་ཨ་དཀར་མོ་ཟེར་གྱི་ཡོད་འདུག