སྨོན་པའི་ཚིག་གསུམ།

རྩི་ཤིང་ལྗང་ལྗོན་གསེབ་ཀྱི་ལྡུམ་རྭའི་ནང༌༎

མགོན་མེད་ཟས་སྦྱིན་མགྲོན་གྱི་ཁང་བཟང་དུ༎

སྔོན་ལས་ཟབ་པའི་མཐུ་ནུས་སྣེ་ཤེན་འོག།

འུ་ཅག་ལྷན་གཅིག་འཛོམས་པའི་བསྐལ་བ་བཟང༌༎

 

ཡ་རབས་གུས་ཞབས་ཆེ་བའི་རྣམ་པ་མཛེས༎

རིག་པའི་རླབས་སུ་རྩེན་པའི་ཉམས་རྟོག་བཟང༌༎

ཕྱི་ནང་ཀུན་དུ་བཟང་བའི་ཁམས་གཙང་དེས༎

སློབ་གླིང་སྐྱེད་ཚལ་སྔར་བས་མཛེས་པར་མཐོང༌༎

 

དམིགས་བསལ་སློབ་གླིང་ནང་གི་མེ་ཏོག་མས༎

རིག་པའི་བཅུད་ལ་དུང་བའི་ཧུར་སེམས་དང༌༎

ཡ་རབ་མཐུན་ལམ་བཟང་བའི་ཉམས་སྟོབས་ཀུན༎

ཝ་ནྰའི་ཁང་བཟང་དབུས་ཀྱི་མཛེས་རྒྱན་ཉིད༎

 

ཟང་ཟིང་བཙོག་དྲི་མ་སྦགས་ཚུལ་ལྡན་མ༎

ཤེས་བྱའི་དོན་དུ་འཇུག་པའི་བརྩོན་ལྡན་མ༎

སྤོབས་པའི་སེམས་རྩ་མ་ཉམས་མེ་ཏོག་མ༎

ང་ཡི་ཡིད་དུ་འོང་བའི་སྲིང་ཆུང་མ༎

 

དགེ་བའི་བཤེས་གཉེན་དབུ་ཡི་ཏོག་ལྟར་བཀུར༎

སློབ་གྲོགས་ཕོ་མོ་དབར་ལ་མཛས་བརྩེས་སྐྱོང༌༎

རིགས་ཀྱི་བདེ་སྡུག་སྙིང་ཁོང་འཆང་བཞིན་དུ༎

རིག་པའི་རྒྱ་མཚོའི་ཕ་མཐའ་གྲོལ་བར་མཛོད༎

 

ཕྱི་ཡི་དགྲ་ཆེན་གདུལ་བར་དཔལ་མཛངས་དགོས༎

ནང་གི་དགྲ་ངན་འདུལ་ཡང་ཤེས་རབ་དགོས༎

འདབ་གཤོག་གསུམ་ལྡན་རིགས་མཐུན་སྤུན་ཟླ་རྣམས།

ཆོས་དང་འཇིག་རྟེན་ཐབས་ཀྱིས་སྐྱོང་བར་མཛོད༎

 

གཞིས་བྱེས་བོད་མིའི་མ་འོངས་བདེ་དོན་དག།

འགན་འཁྲི་ཕྲག་ཏུ་བབས་པའི་དུས་སུ་ཤར༎

ལོ་རྒྱུས་དཀྱོགས་མཚམས་འདི་ནས་ཁྱེད་ཅག་ཀུན༎

ཤེས་འཇོན་གཉིས་ཚོགས་བློ་གྲོས་འཕེལ་བར་སྨོན༎