བེ་རི་འཇིགས་མེད་པ་ལ་ལྟ་བ།

ངས་བེ་རི་འཇིགས་མེད་པའི་རྩོམ་ཡིག་ལས་འཕྲོས་ཏེ་གླེང་སློང་ཐེངས་ཁ་ཤས་བྱས་པ་དེ་ནི་ཁོང་གི་རྩོམ་ཡིག་ཁོ་ན་ལས་འཕྲོས་ཏེ་གླེང་བ་ཞིག་མ་གཏོགས་རྒྱུ་མཚན་གཞན་གང་ཡང་མེད། ངས་བེ་རི་འཇིགས་མེད་ལ་ཕྲག་དོག་བྱས་ཟེར་ན་དེ་ནི་མི་སྲིད་པ་ཞིག་རེད། སྤྱིར་བཏང་ང་ཡང་སོ་སྐྱེ་ཞིག་ཡིན་སྟབས་ཕྲག་དོག་མེད་པ་ག་ལ་སྲིད་ཀྱང་གང་ཟག་ཅིག་ལ་ཕྲག་དོག་བྱེད་ཅེས་པ་དེ་རང་དང་ཕལ་ཆེར་འདྲ་བ་ཞིག་ལ་མ་གཏོགས་བྱེད་ཤེས་པ་ཞིག་མིན་སྟབས་བེ་རི་འཇིགས་མེད་པ་འདི་ང་དང་བསྡུར་ན་ཕྱོགས་གང་ཐད་ནས་སེངྒེ་དང་ཁྱིའི་ཁྱད་པར་ཙམ་ཡོད་པས་ཕྲག་དོག་འགྲན་འདོད་བྱེད་ག་ལ་སྲིད། སྤྱིར་བཏང་ང་ཚོའི་སྤྱི་ཚོགས་ཁྲོད་དུ་སྐད་ཆ་གང་ཞིག་ཤོད་ཀྱིན་ཡོད་མེད་ལ་མི་ལྟ་བར་མི་དེས་ཕྲག་དོག་བྱེད་ཀྱིན་འདུག་ཟེར་ནས་ཧྲིལ་གྱིས་འདོར་བའི་གཤིས་ཀ་ཞིག་ཡོད་པ་དེ་ཡག་པོ་མ་རེད། གཙོ་བོ་སྐད་ཆ་གང་ཞིག་བཤད་པ་དེ་དོན་དངོས་ཡིན་མིན་ལ་བསམ་བློ་བཏང་ཞིག་དགག་བཞག་སྤེལ། དེ་ནས་ཕྲག་དོག་ཡིན་དང་ཞེ་འཁོན་ཡིན་སོགས་ཀུན་སློང་ལ་གཞི་ནས་དཔྱད་བརྗོད་སྤེལ་ན་གོ་རིམ་དང་མཐུན་པར་གྱུར་ཡོད།
ངས་ནམ་ཡིན་ཡང་བེ་རི་འཇིགས་མེད་པ་ཁོང་གི་རྩོམ་ཡིག་ཅིག་གཞིར་བཞག་ནས་དེ་ལས་འཕྲོས་པའི་དགག་སྒྲུབ་དོག་སློང་ལྟ་བུ་གང་ཤེས་བྱས་པ་ཙམ་ལས་ཁོང་གི་མི་གཞི་དང་ཐོབ་ཐང་། རང་དབང་དང་ཆེ་མཐོང་བཅས་ལ་གནོད་པའི་དམའ་འབེབས་བྱེད་མྱོང་མེད་བསམ་གྱིན་འདུག གལ་སྲིད་དེ་ལྟར་བྱས་ཡོད་ན་དེ་ནི་ནང་ཆོས་ཀྱི་བཤད་སྲོལ་ལྟར་ན་ཉོན་མོང་པ་འབྱུང་བའི་རྒྱུ་བཞིའི་ནང་ནས་མ་ཤེས་པ་དང་། བག་མ་མཆིས་པ་དང་། ཉོན་མོང་པ་མང་བའི་དབང་གིས་བྱུང་བ་མ་གཏོགས་མ་གུས་པས་བྱས་པ་མིན་པས་སྙིང་ཁོང་ནས་མཐོལ་ཞིང་བཤགས་རྒྱུར་འཛེམས་དོག་གང་ཡང་མེད།
སྤྱིར་བཏང་རྩོམ་ཡིག་ཅིག་ལས་འཕྲོས་ཏེ་སྐྱོན་བརྗོད་བྱས་པ་དེ་ཁོག་རྒྱ་ཡངས་པོ་ཅན་ཞིག་གིས་བལྟས་པ་ཡིན་ན་ཞེ་འཁོན་དང་ཕྲག་དོག་སོགས་དང་འབྲེལ་བའི་གནད་འགག་ཆེན་པོ་ཞིག་གང་ཡང་མ་རེད། ཁོང་གི་རྩོམ་ཡིག་ཁག་གཅིག་དང་སྐད་ཆ་ཤོད་སྟངས་ཁ་ཤས་ཤིག་ངའི་བློ་ངོར་འཕྲོད་ཀྱིན་མི་འདུག་ཅེས་པ་ཙམ་རེད། བེ་རི་འཇིགས་མེད་པ་འདི་ཡང་ཤེས་ཡོན་དང་ཉམས་མྱོང་གིས་ཕྱུག་པ་ཞིག་ཡིན་སྟབས་དེ་ཙམ་ལ་བསམ་ཤེས་བྱེད་ཐུབ་ཀྱི་རེད་བསམ་གྱིན་འདུག མཐའ་གཅིག་གི་རང་ཉིད་ཁོ་ན་ཚད་མ་དང་། ཡང་དག་པ། ནོར་བ་མེད་པ། སྐྱོན་བརྗོད་བྱ་མི་ཆོག་པ་ཞིག་ཏུ་ངོས་འཛིན་མཁན། ངོ་བསྟོད་ཁོ་ན་ལ་དགྱེས་མཁན་ཞིག་ཡིན་སྲིད་ཀྱི་མ་རེད་བསམ་གྱིན་ཡོད།
ངས་སྔོན་དུ་ཡང་གླེང་མྱོང་བ་བཞིན་རང་རེའི་སྤྱི་འཐུས་གྲོས་ཚོགས་འདིའི་ནང་དུ་སྨོན་ལམ་མཐར་ཕྱིན་དང་བེ་རི་འཇིགས་མེད། རོང་པོ་བློ་བཟང་སྙན་གྲགས་ལྟ་བུའི་གྲྭ་རྐྱང་ན་གཞོན་ཤེས་ཡོན་ཅན་ཁ་ཤས་ཤིག་བཞུགས་པ་དེ་ཚོར་དམིགས་བསལ་གྱི་རེ་བ་དང་ཡིད་ཆེས་བྱེད་ཀྱིན་ཡོད། ཁོང་ཚོར་ནང་ཆོས་ཀྱི་ཤེས་རྟོགས་ཉམས་ལེན་ཡོད་སྟབས་གཞན་དོན་དོན་གཉེར་ལ་རང་ཉིད་བློས་བཏང་གི་ཆོད་སེམས་དང་། མི་མང་གི་ཡིད་ཆེས་དང་བླ་སློབ་དམ་ཚིག་གི་འབྲེལ་བར་བརྩི་འཇོག བཟའ་ཚང་གསོ་བ་སོགས་མེད་སྟབས་དོན་ཉུང་བྱ་ཉུང་གི་མི་ཚེའི་གནས་སྟངས་སོགས་ལ་བརྟེན་ནས་འདྲ་རྒྱུ་མ་རེད་བསམ་གྱིན་ཡོད། ཡིན་ན་ཡང་རྩོམ་ཡིག་གི་ཆ་ནས་རོང་པོ་བློ་བཟང་སྙན་གྲགས་ཀྱི་རྩོམ་ཡིག་ལ་ཡང་ངའི་བློ་ངོར་མི་འཐད་པ་ཡོད། དཔེར་ན། ཁོང་གིས་བརྩམས་པའི་རྒྱལ་བ་རིན་པོ་ཆེའི་རྣམ་ཐར་རྟོགས་བརྗོད་དེབ་དེའི་ནང་དུ་བོད་ཀྱི་ཆོས་རྒྱུད་ཚང་མའི་བདག་དབང་ལེན་ཆེད་དུ་རྒྱལ་བ་རིན་པོ་ཆེས་ཆོས་རྒྱུད་རིས་སུ་མ་ཆད་པའི་གདམས་ངག་གསན་བཞེས་གནང་བ་རེད་ཅེས་བྲིས་འདུག སྤྱིར་བཏང་བདག་དབང་ཞེས་པའི་མིང་ཚིག་དེ་ཆབ་སྲིད་ཀྱི་མིང་ཚིག་ཅིག་རེད། དབྱིན་སྐད་ཀྱི་ཨོ་ནིར་ཤེབ་ཅེས་པ་དེ་ཡིན་སྟབས་ཐ་སྙད་དེ་དེ་ཙམ་འཇུག་བདེ་བོ་ཞིག་མ་རེད། གལ་སྲིད་བསྟན་པ་རིས་སུ་མ་ཆད་པའི་བདག་པོར་གྱུར་པའི་ཆེད་དུ་ཞེས་པའི་དོན་ཡིན་ན་མིང་ཚིག་དེ་ལས་ལེགས་པ་མང་པོ་ཡོད་རེད། དེ་ལྟ་བུ་དེ་ཚོ་བསྟོད་མི་ཤེས་པ་ཞིག་གིས་བསྟོད་པ་ལས་སྨད་མི་ཤེས་མཁན་ཞིག་གིས་སྨད་ན་དགའ་ཞེས་པ་ལྟ་བུར་མི་འགྱུར་བའི་ངེས་པ་མི་འདུག དེ་བཞིན་སྨོན་ལམ་མཐར་ཕྱིན་གྱིས་སྔོན་མ་ཞིག་ལ་བོན་གྱི་ངོ་སྤྲོད་ཅིག་དྲྭ་ངོས་འདིར་བཀོད་སྐབས་སུ་ཡང་ངས་ཁྱོད་ཚོའི་སྟོན་པ་གཤེན་རབ་ཟེར་བ་ཞིག་ཡོད་པ་དེ་གང་དུ་འཁྲུངས་པ་གསལ་པོ་ཞིག་ཤོད་ཤོག དེ་ནས་ངོ་སྤྲོད་རྫིགས་པོ་དེ་ཚོ་རྗེས་སུ་བྲིས་ཤོག་ཅེས་བཤད་ཡོད། དེ་ཚོ་རྩོམ་ཡིག་དང་འབྲེལ་བའི་དོག་གཞི་སེལ་ཆེད་དུ་ཡིན་པ་ལས་གཅིག་གིས་གཅིག་ལ་ཕྲག་དོག་དང་ཞེ་འཁོན་གྱི་གནད་དོན་ཅན་ཤ་སྟག་ཡིན་དགོས་པ་ཞིག་མ་རེད།
སྤྱིར་བཏང་རང་གཞན་སུའི་སྤྱི་ཚོགས་སྤྱི་སྒེར་ལ་ཞིབ་འཇུག་བྱས་ཀྱང་སྐྱོན་གྱི་ཕུང་པོ་དེ་ས་ཆེན་པོའི་རྡུལ་ཙམ་ཡིན་ཞིང་ངས་བེ་རི་འཇིགས་མེད་པའི་རྩོམ་ཡིག་ལས་འཕྲོས་པའི་སྐྱོན་བརྗོད་དེ་ཚོ་ནི་སེན་མོའི་སྟེང་གི་རྡུལ་ལས་ཀྱང་ཉུང་བ་ཡིན། ཡིན་ན་ཡང་ཡིག་ནོར་དང་། བདག་བསྟོད་གཞན་སྨོད། གང་ཟག་གཅིག་ལ་མཛུབ་མོ་བཙུགས་ནས་ངོ་བསྟོད་ཕྱེ་གཏོར་གྱི་རྩོམ་ཡིག་མང་པོ་འབྲི་བ། ལས་ཁུངས་སུ་བསྡད་ནས་སྒེར་གྱི་ཚོར་བ་ཐན་ཐུན་ཡིག་ཐོག་ཏུ་འགོད་པ་བྱིས་པའི་རྩེད་མོ་ལྟ་བུར་གོམས་གཤིས་འཇགས་པ་སོགས་ནི་ཆེ་ཆུང་ལ་མ་ལྟོས་པར་སྐྱོན་མིན་པར་སུས་ཀྱང་ཁས་འཆེ་མི་ནུས་སྟབས་དུག་བོང་བ་ནག་པོ་ལ་བཟང་བསྟོད་དང་སྨན་ཨ་རུ་ར་ལ་ངན་སྨྲས་བྱས་ན་ག་ལ་འགྲིགས། དེས་ཕྱིར་སུ་དང་གང་ཞིག་ཡིན་ཡང་སྐྱོན་ཆེ་ཆུང་ལ་མ་ལྟོས་པར་རྣག་ཐོག་གཙགས་ཁེལ་གྱི་སྐྱོན་བརྗོད་རེ་བྱ་རྒྱུ་འདི་ཡང་གལ་ཆེན་གནད་ཆེན་དུ་བརྩི་བཞིན་ཡོད། ལྷག་པར་ཡང་བེ་རི་འཇིགས་མེད་པ་དང་ཁོང་ལྟ་བུ་ཚོ་ནི་ལུགས་གཉིས་གང་ཐད་ནས་ཀྱང་གནད་ཡོད་ཀྱི་མི་སྣ་དང་། ཤེས་ཡོན་ཅན་གྱི་མི་སྣ། གཞུང་དང་མི་མང་གི་སྐུ་ཚབ་དང་སྣེ་ཁྲིད་མཁན་ཡིན་སྟབས་འགན་ཆེན་པོ་ཞིག་ཀྱང་ཡོད་པ་ཤོད་མ་དགོས་པ་རེད། དེ་ལ་རང་ཕྱོགས་ཀྱིས་མིག་དཔེ་ལྟ་ངེས་རེད། དགྲ་བོས་སོ་ཉུལ་བྱེད་ཚོད་རེད།
མདོར་ན་ངའི་སེམས་ནང་གི་བེ་རི་འཇིགས་མེད་པའི་སྐྱོན་དང་ཡོན་ཏན་གཉིས་ཀྱི་ལྗིད་ཚད་ནས་གླེང་ན་ཏན་ཏན་ཡོན་ཏན་གྱི་ཆ་དེ་ཀི་ལོ་རྒ་རམ་མང་པོ་ཞིག་གིས་མང་གི་རེད། ངས་ཁོང་གི་རྩོམ་ཡིག་དང་ཡིག་ནོར་སོགས་ལས་འཕྲོས་ཏེ་སྐྱོན་བརྗོད་བྱས་པ་དེ་ཡང་ཁོའི་སྐྱོན་གྱི་ཆ་ཧ་ཅང་ཆུང་ངུ་རེ་གླེང་བ་རེད། བེ་རི་འཇིགས་མེད་པ་འདི་ཤིང་སྡོང་པོ་ཞིག་ཡིན་པའི་དབང་དུ་བཏང་ན་དེའི་ཡལ་ག་དང་ལོ་མ་ཁ་ཤས་ཤིག་ལ་སྐྱོན་བརྗོད་བྱས་པ་ཙམ་ལས་རྩ་བ་སྡོང་པོ་ནི་ཧ་ཅང་ཕུལ་དུ་བྱུང་བ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།