བོད་གཞུང་མང་ལ་གཟིགས་སྐྱོང་གནང་བར་བཀའ་དྲིན་རྗེས་དྲན།

    ཕྱི་ཟླ་༣ ཚེས་༢༦ ཉིན་ནས་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུ་བའི་དུས་དྲན་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱལ་སྤྱིའི་ལྟེ་གནས་ཁང་གི་ཚོགས་ཁང་དུ་དབུ་འཛུགས་གནང་ཡོད་པ་དང༌། ཚེས་༣༠ ཉིན་ྋགོང་ས་མཆོག་ཆིབས་བསྒྱུར་གྱིས་དུས་དྲན་སྐབས་ཀྱི་འགྲེམས་སྟོན་ཁག་ལ་གཟིགས་ཞིབ་གནང་བ་དང༌། རྒྱལ་སྤྱིའི་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད་པ་རེད། དུས་དྲན་དེའི་ཐོག་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་དང༌། བོད་དོན་རྒྱབ་སྐྱོར་བ་སོགས་གནད་ཡོད་མི་སྣ་རྣམས་ཕེབས་ཡོད་པ་དང༌། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དང༌། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཕེབས་ཡོད་པ་རེད། ཚེས་༢༩ ཉིན་ྋདཔལ་རྒྱལ་དབང་ཀརྨ་པ་མཆོག་ཀྱང་ཆིབས་བསྒྱུར་གནང་ནས་བཀའ་སློབ་གསུང་བཤད་གནང་ཡོད་པ་རེད།
    ཚེས་༣༡ ཉིན་དུས་དྲན་སྲུང་བརྩིའི་ཉིན་མཐའ་མའི་ཐོག་ྋགོང་ས་མཆོག་ཆིབས་བསྒྱུར་གནང་བ་དང༌། རྒྱ་གར་གཞུང་མང་ལ་གསུང་འཕྲིན་ཞིག་གནང་བའི་ནང་འཁོད་དོན། གྲོས་མཐུན་དོན་ཚན་བཅུ་བདུན་འོག་བོད་རྒྱ་མཉམ་གནས་ཡོང་ཐབས་ཡོད་རྒུ་རྩལ་སྤྲུགས་གང་བྱས་དོན་མེད་དུ་སོང་རྗེས་༡༩༥༩ ཟླ་༣ ཚེས་༡༠ ཉིན་ལྷ་སའི་མང་ཚོགས་ནས་ཞི་བའི་ངོ་རྒོལ་མ་བྱས་ཐབས་མེད་བྱུང་རྐྱེན་ཛ་དྲག་གི་གནས་ཚུལ་བྱུང་བ་དང༌། དེའི་སྐབས་སུའང་ངོས་ནས་ཛ་དྲག་སེལ་ཐབས་དང་དྲག་གནོན་མི་ཡོང་བའི་འབད་རྩོལ་གང་ཐུབ་བྱས་ཀྱང་དོན་འབྲས་མ་སོན་པར་མཐའ་དོན་དེ་ཟླའི་ཚེས་༡༧ མཚན་མོར་བཀའ་ཤག་དང༌། ལས་ཞབས་ཧྲག་བསྡུས་བཅས་གསང་བགྲོད་ཀྱིས་བོད་ལྷོ་ཁུལ་དུ་འབྱོར་སྐབས་ཡང་བསྐྱར་རྒྱ་གཞུང་དང་འབྲེལ་མོལ་བྱ་ཐབས་བྱས་ཀྱང་དེ་ཟླའི་ཚེས་༡༩ མཚན་མོ་ནས་ལྷ་སར་དྲག་གནོན་ཚད་མེད་ཀྱིས་ཉིན་མཚན་གཉིས་ཀྱི་རིང་ཉེས་མེད་བོད་མི་ཁྲི་ཚོ་གཉིས་ལྷག་བསད་པ་དང༌། རྨས་སྐྱོན་འཛིན་བཟུང་བཙོན་འཇུག་སོགས་བྱས་སྟབས་དེ་འཕྲལ་རྒྱ་གར་དུ་བཙན་བྱོལ་བྱ་རྒྱུ་མ་གཏོགས་ཐབས་ལམ་གཞན་གང་ཡང་མ་ལྷག་པར་བརྟེན། ཉིན་མཚན་ཤར་བསྐྱོད་ཀྱིས་ཟླ་བ་དེའི་ཚེས་༣༡ ཉིན་རྒྱ་གར་གྱི་ས་མཚམས་ནང་འཛུལ་ཞུགས་ཐུབ་སྟེ་ལུས་སྲོག་གི་འཇིགས་པ་གྲོལ་ནས་རང་དབང་གིས་འཚོ་བའི་གོ་སྐབས་ཐོབ་པ་དེ་ངོས་ཀྱི་མི་ཚེའི་ནང་གལ་ཆེའི་ཉིན་མོ་ཞིག་ཡིན་པར་མ་ཟད། བོད་མི་རིགས་ཀྱི་བྱུང་རབས་སུའང་རླབས་ཆེའི་འགྱུར་བའི་སོ་མཚམས་ཤིག་ཏུ་གྱུར། བོད་ནང་དྲག་གནོན་མཚམས་འཇོག་མེད་ཁར་ས་ཁུལ་ཡོངས་སུ་ཁྱབ་པར་བརྟེན། བོད་མི་འབུམ་ལ་ཉེ་བ་ཞིག་དེ་ལོ་རང་དུ་མོན་ཡུལ་དང་འབྲུག་ཡུལ་བརྒྱུད་རྒྱ་གར་དུ་སྐྱབས་བཅོལ་དུ་འབྱོར་ཞིང༌། དེ་དག་འབྱོར་མ་ཐག་པ་ནས་ཨཱསཱམ་མི་ས་མ་རི་དང༌། བངྒཱལ་གྱི་སྦག་ས་ཌོ་བ་གཉིས་སུ་འཕྲལ་སེལ་སྡོད་སྒར་གོ་སྒྲིག་གིས་ཟས་གོས་གནས་མལ་སྨན་བཅོས་བཅས་ཀྱི་མཐུན་རྐྱེན་ཆ་ཚང་བསྐྲུན་ཏེ་དབུགས་དབྱུང་མཛད་པ་དང༌། དེ་ནས་རིམ་བཞིན་སོ་སོའི་འཁོས་ཀར་གཞིགས་པའི་གྲྭ་བཙུན་རྣམས་ལ་གཞུང་ཆེན་སློབ་གཉེར་དང༌། ན་གཞོན་ཚོར་ཤེས་ཡོན་སློབ་སྦྱོང༌། རྒས་འཁོགས་རྣམས་ལ་རྒས་གསོ། ལས་འཕེར་བ་རྣམས་ལ་འཚོ་ཐབས་ལས་རིགས་ལ་སྦྱར་བས་མཚོན། མདོ་དོན་བཙན་བྱོལ་བོད་མི་ཡོངས་རྫོགས་སྐབས་འཕྲལ་ཟས་གོས་གནས་མལ་གྱིས་མི་ཕོངས་ཤིང༌། ཆོས་དང་ལེགས་བྱང་གི་རྒྱུན་འཛིན་དང༌། བོད་མི་རིགས་ཀྱི་ངོ་བོ་མ་བརླགས་པའི་ཐབས་ཚུལ་ལ་འབད་འབུངས་ཐུབ་པ་བྱུང་ཡོད། ལྷག་པར་སྲིད་བློན་ནེཧརུས་སྐུ་སྒེར་གྱི་ཐུགས་འགན་བཞེས་ཏེ་བཙན་བྱོལ་བོད་མི་རྣམས་ཁ་མ་འཐོར་བར་མཉམ་སྡོད་ཐུབ་པའི་སོ་ནམ་གཞིས་ཆགས་ཁག་མང་གསར་འཛུགས་དང༌། བོད་ཕྲུག་ཡོངས་ལ་དེང་དུས་ཀྱི་ཤེས་ཡོན་དང་མཉམ་དུ་བོད་ཀྱི་སྐད་ཡིག་དང༌། ཆོས་རིག ལེགས་བྱང་བཅས་པའང་སློབ་སྦྱོང་བྱ་ཡུལ་གྱི་བོད་མིའི་སློབ་གྲྭ་ཁག་ཟུར་འཛུགས་གནང་བ་བཅས་ནི་ཕུགས་ཐག་རིང་པོའི་གཟིགས་རྒྱང་ལྡན་པའི་ལམ་སྟོན་བླ་མེད་ཅིག་བྱུང་འདུག་པ་བཅས། མདོ་དོན་འདས་པའི་མི་ལོ་ལྔ་བཅུའི་རིང་བཙན་བྱོལ་བོད་མི་ཆིག་འབུམ་ཙམ་ཞིག་རྒྱ་གར་ཡུལ་མི་དང་ཆ་འདྲ་བའི་སྤྱི་ཚོགས་ཀྱི་ཐོབ་ཐང་ལ་རོལ་ཏེ་ད་ཆ་མི་རབས་གསུམ་པ་རྣམས་འཚར་ལོངས་ཡོང་བཞིན་པ་དང༌། དུས་ཡུན་དེ་སྲིད་དུ་རྒྱ་གར་དབུས་དང་མངའ་སྡེའི་གཞུང་འཛིན་ཚོགས་པ་མང་པོ་ཞིག་འཕོ་འགྱུར་སོང་ཡང་བོད་མིའི་བདེ་སྡུག་ལ་གཟིགས་སྐྱོང་གནང་རྒྱུའི་སྲིད་བྱུས་འགྱུར་མེད་བརྟན་འཛིན་གནང་བ་དང༌། ཁྱད་པར་མང་ཚོགས་ཀྱི་ངོས་ནས་མཛའ་བརྩེ་དང༌། ཆེ་མཐོང་གིས་བོད་མི་ཕལ་མོ་ཆེར་རང་ཡུལ་བྲལ་ཏེ་སྐྱབས་བཅོལ་དུ་གནས་པའི་ཚོར་སྣང་ཡང་ཕལ་ཆེར་མེད་པ་དང༌། རང་ཉིད་ཤེས་འཇོན་ལྡན་ཚེ་ལས་ཞབས་དང་འཚོ་ཐབས་གང་གི་ནང་དུའང་རྒྱ་གར་ཡུལ་མི་དང་འདྲ་མཉམ་གྱིས་ཞུགས་ཆོག་པ་བཅས་ནི་རྗེས་སུ་ཡི་རངས་བྱ་ཡུལ་ཞིག་ཡིན། མདོར་ན་རྒྱ་གར་རང་ལ་སྤྱི་ཚོགས་དང་དཔལ་འབྱོར། ཆབ་སྲིད་བཅས་ཀྱི་སྐུ་ངལ་དང་མཛད་དཀའ་མང་དག་ཡོད་མིན་ལ་མ་ལྟོས་པར་ཕྱོགས་ཡོངས་ནས་བཙན་བྱོལ་བོད་མིར་རྒྱབ་སྐྱོར་དང་མཐུན་འགྱུར་ཆེ་ཤོས་གནང་མཁན་དེ་ཆགས་ཡོད། འདས་ལོ་ལྔ་བཅུའི་ཉམས་མྱོང་ལས་ད་ཆ་བཙན་བྱོལ་བོད་མི་ཡོངས་ལ་ང་ཚོས་སྐྱབས་བཅོལ་ཞུ་ཡུལ་ནོར་མི་འདུག་སྙམ་པའི་ཡིད་ཆེས་བརྟན་པོ་རྙེད་ཡོད།
    དེ་མཚུངས་རྒྱ་གར་མང་ཚོགས་ཀྱི་ཁྲོད་རིགས་རུས་དང༌། ཆོས་ལུགས། ཆབ་སྲིད་ཚོགས་པ་བཅས་ཀྱི་དབྱེ་བ་མེད་པར་འཕགས་བོད་མཛའ་འབྲེལ་ཚོགས་པ་དང༌། འཕགས་བོད་མཐུན་སྒྲིལ་སྡིངས་ཆ། རྒྱ་གར་བོད་ཀྱི་གྲོགས་པོ་སོགས་ཀྱིས་མཚོན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སྣ་མང་དང༌། གཞན་ཡང་གང་ཟག་སྒེར་གྱི་ངོས་ནས་བཙན་བྱོལ་བོད་མིའི་བདེ་དོན་དང་བོད་ཀྱི་རྩ་དོན་ཐོག་རང་དོན་ལས་ལྷག་པའི་ཐུགས་ཁུར་བཞེས་མཁན་གྲངས་ལས་འདས་པ་ཞིག་བྱུང་དང་ཡོང་བཞིན་པ་དེ་ནི་རྒྱ་གར་གྱི་ཐུན་མིན་ལེགས་བྱང་དང༌། དགེ་རྒན་གྱིས་དགེ་ཕྲུག་ལ་བརྩེ་དུང་མཚོན་པ་ཞིག་ཡིན། བོད་མི་རིགས་ཀྱི་ངོ་བོ་དང༌། རྒྱ་གར་ནས་བྱུང་བའི་བོད་མིའི་སྤྱི་ཚོགས་ཀྱི་དཔལ་ཡོན་བཅས་ཆག་འཇིག་གི་སོ་མཚམས་སུ་གྱར་བའི་སྐབས་འདིར་རླབས་ཆེའི་གྲོགས་ཕན་འདི་ལྟ་བུ་གནང་བ་ནི་དགོས་དུས་སུ་ཕན་པའི་གྲོགས་པོ་ནི་གྲོགས་པོ་ངོ་མ་ཡིན་ཞེས་དབྱིན་སྐད་ཀྱི་གཏམ་དཔེ་ནང་ཡོད་པ་ལྟར་དངོས་སུ་བྱུང་ཡོད།
    སྐད་དང་གོམས་གཤིས། རྒྱུན་སྤྱོད་སོགས་མི་འདྲ་བའི་དབང་གིས་ཡུལ་མི་རྣམས་ལ་སྐུ་ངལ་ཐུགས་བསུན་ཡོང་སྲིད་པ་ཡིན་ནའང༌། ལོ་ལྔ་བཅུའི་རིང་གནས་ཚུལ་ཆུང་ཙག་ཉུང་ཤས་ཕུད་པའི་ཁྱོན་ཡོངས་ནས་བོད་མི་དང་ཡུལ་མིའི་དབར་དཀའ་རྙོག་མ་བྱུང་བ་ནི་ངོ་མཚར་དང་ཡི་རངས་བྱ་འོས་པ་དང༌། རྒྱ་གར་གྱི་བཟོད་བསྲན་གྱི་ལེགས་བྱང་མཚོན་པ་ཞིག་ཀྱང་ཡིན། རྒྱ་གར་དུ་ཁྱིམ་མཚེས་རྒྱལ་ཁབ་ཅི་རིགས་ནས་ཡོང་བའི་སྐྱབས་བཅོལ་བ་གཞན་དང་བསྡུར་ན་གྲངས་འབོར་གྱི་ཆ་ནས་བོད་མི་སྐྱབས་བཅོལ་བ་ཉུང་ཤོས་ཡིན་རུང༌། གཞུང་དང་མང་ཚོགས་ཀྱི་མཐུན་འགྱུར་དང་ངོས་འཛིན་ཆེ་ཤོས་འཐོབ་ཡོད་པར་མ་ཟད། རྒྱ་གར་གྱི་གྲོང་ཚོ་ཕལ་ཆེ་བའི་ནང་དགུན་ཁའི་སྐབས་བལ་གོས་ཚོང་པའི་ངོ་བོར་དངོས་གསལ་དོད་པོས་མཐོང་རྒྱུ་ཡོད་པ་ཞིག་ཀྱང་ཡིན། སོ་ནམ་ཞིང་ལས་ཐོག་འཚོ་ཐབས་ཁ་གསབ་ལྟ་བུར་བོད་མི་མང་ཆེ་བ་དགུན་དུས་ཟླ་ཤས་རིང་རྒྱ་གར་གྱི་གྲོང་ཁྱེར་ཕལ་མོ་ཆེའི་ནང་བལ་གོས་ཚོང་འགྲེམས་སུ་བསྐྱོད་རྒྱུའི་ལམ་སྲོལ་ཞིག་བྱུང་བ་དེ་བཙན་བྱོལ་བོད་མིའི་འཚོ་ཐབས་ལ་རོགས་སྐྱོར་མ་ཟད། འཕགས་བོད་མང་ཚོགས་དབར་འབྲེལ་ལམ་དང་གོ་རྟོགས་སྤེལ་རེས་ཀྱི་ཆ་རྐྱེན་བཟང་པོ་ཞིག་ཀྱང་བྱུང་ཡོད། བཙན་བྱོལ་བོད་མི་མང་ཆེ་བ་ད་ཆ་རང་ཁ་རང་གསོ་ཐུབ་པའི་གནས་སུ་སླེབས་ཡོད་ཀྱང༌། གཞི་རིམ་སློབ་གྲྭ་ཁག་གིས་མཚོན་ད་ལྟའང་སྡེ་ཚན་དང་སྒྲིག་འཛུགས་མང་པོ་ཞིག་རྒྱ་གར་དབུས་སའི་གཞུང་གི་དཔལ་འབྱོར་གྱི་མཐུན་འགྱུར་ལ་བརྟེན་བཞིན་གནས་ཡོད།
    ངོས་རང་སྒེར་ལ་མཚོན་ནའང་རང་དབང་དང་བག་ཕེབས་ཀྱི་ངང་ཡིད་དྭོགས་བློ་ངལ་ཅི་ཡང་མེད་པར་སྟོན་པ་ཤཱཀྱ་ཐུབ་པས་ལེགས་པར་བསྟན་པའི་དམ་པའི་ཆོས་ཀྱི་ཉམས་ལེན་དང༌། དེ་ལ་བརྟེན་ནས་འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱི་ཕན་བདེ་སྒྲུབ་ཐབས་སུ་ཞབས་འདེགས་མི་དམན་ཙམ་བསྒྲུབས་ཐུབ་པའང་རྒྱ་གར་གྱི་བཀའ་དྲིན་ཡིན་ཞིང༌། ངོས་ཀྱི་རང་རྣམ་གསར་པའི་མིང་བྱང་ཡང་¿བཙན་བྱོལ་དུ་རང་དབང་¿ཞེས་བཏགས་ཡོད། རྒྱ་གར་ངོས་རང་གི་ཆོས་ཀྱི་བསྟི་གནས་སུ་གྱུར་པ་ནི་དགའ་སྤོབས་འོས་པ་ཞིག་ཡིན་ཁར། ངོས་རང་གང་དུ་ཕྱིན་ཡང་ཡུལ་འདིའི་ལྟ་གྲུབ་ཡང་སྙིང་བྱམས་བརྩེ་དང༌། འཚེ་བ་མེད་པའི་ལམ་བཟང་རྒྱ་གར་བའི་མགྲིན་ཚབ་པ་ལྟ་བུར་ཁྱབ་སྤེལ་བྱེད་ཀྱི་ཡོད། ངོས་རང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་མིའི་བཟང་སྤྱོད་སྤེལ་རྒྱུ་དེ་ལས་འགན་གལ་ཆེ་ཤོས་སུ་འཛིན་གྱི་ཡོད། དེ་ནི་གང་ཟག་སྒེར་དང༌། ཁྱིམ་ཚང༌། སྤྱི་ཚོགས་བཅས་པ་བདེ་སྐྱིད་འབྱུང་བའི་གཞི་རྩ་ཡིན་པར་སེམས། དེ་ནས་ཆོས་པ་ཞིག་ཡིན་པའི་ཆ་ནས་ངའི་དོ་སྣང་དང་ལས་འགན་གཉིས་པ་ནི་ཆོས་ལུགས་ཕན་ཚུན་མཐུན་ལམ་སྤེལ་རྒྱུ་དེ་ཡིན། ལྟ་བ་དང་གྲུབ་མཐའ་མི་འདྲ་བ་ཡོད་མིན་ལ་མ་ལྟོས་པར་ཆོས་ལུགས་ཚང་མར་བྱམས་པ་དང༌། བརྩེ་བ། བཟོད་བསྲན། ཆོག་ཤེས། ཚུལ་ཁྲིམས་བཅས་ཀྱི་བསླབ་བྱ་གཅིག་མཚུངས་ཡོད་ལ། མི་ཚེ་བདེ་སྐྱིད་ཀྱི་ལམ་དུ་འཁྲིད་རྒྱུའི་ནུས་པའང་གཅིག་མཚུངས་ཡོད། བོད་ཀྱི་གནད་དོན་ཐད་བྱུང་རབས་ནང་ཆེས་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་བོད་མི་ཚོས་ངོས་ལ་མུ་མཐུད་རེ་བ་དང་ཡིད་ཆེས་བྱེད་བཞིན་ཡོད་སྟབས་ངོས་ལ་དམིགས་བསལ་གྱི་ལས་འགན་ཡོད། བོད་མིའི་བདེ་དོན་ནི་ངའི་རྒྱུན་ལྡན་གྱི་སེམས་ཁུར་ཞིག་ཡིན་ལ། ངོས་རང་རང་དབང་ལུང་པར་ཡོད་པས་བཙན་འོག་ཏུ་ཡོད་པའི་བོད་མི་ཚོའི་མགྲིན་ཚབ་པ་ཞིག་ཡིན་པར་བསམ་གྱི་ཡོད། འདས་པའི་ལོ་ལྔ་བཅུའི་རིང་རྒྱ་གར་གྱི་ཆེས་མཐོའི་ཆབ་སྲིད་ཀྱི་དབུ་ཁྲིད་རྣམ་པ་དང༌། སྤྱི་ཚོགས་ཞབས་ཞུ་བ། མཁས་དབང་སོགས་གྲངས་ལས་འདས་པ་ཞིག་གིས་ངོས་ལ་མཛའ་བརྩེ་ཆེན་པོས་རྒྱབ་སྐྱོར་དང་མཐུན་འགྱུར། ལྷག་པར་སྤྱི་སྒེར་གྱི་ལས་དོན་དུ་མའི་ཐོག་སློབ་སྟོན་གནང་བ་དང༌། ཡིད་ཆེས་འཕེར་བའི་མཆེད་གྲོགས་ཀྱི་འདུ་ཤེས་འཛིན་པ་དེ་དག་ནི་ཆེས་རིན་ཐང་ཅན་གྱི་ཕན་གྲོགས་བརྗེད་ཐབས་བྲལ་བ་ཞིག་ཡིན་ཞེས་དང༌།
    བོད་མི་རིགས་ཀྱི་འདས་པའི་ལོ་༡༥༠༠ ཙམ་གྱི་རིང་རྒྱ་གར་ནས་བརྒྱུད་པའི་ནང་པའི་ཆོས་དང་དེའི་རིག་པའི་གཞུང་ལུགས། དེ་ལས་བྱུང་བའི་ལེགས་བྱང་བཅས་རྒྱུན་འཛིན་དང་སྲུང་སྐྱོབ་དར་རྒྱས་རླབས་ཆེན་ཞུས་ཐུབ་པ་དེ་ནི་དྲིན་ལན་བསབས་པའི་བྱ་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཅིང༌། དེ་དག་རྒྱ་གར་དུ་ཉམས་དམས་སོང་བ་རྣམས་བསྐྱར་གསོའི་ལམ་ནས་རྒྱ་གར་ཕྱིར་འབུལ་ཞུ་རྒྱུའི་རེ་འདུན་ཤུགས་ཆེ་ཡོད། སྲིད་བློན་ནེཧ་རུས་གནད་དོན་དེའི་ཆེད་འབྲས་ལྗོངས་བོད་རིགས་པའི་ཉམས་ཞིབ་ཁང་དང༌། ལ་དྭགས་མཚན་ཉིད་སློབ་ཁང༌། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་བཅས་ཆེད་འཛུགས་བསྐྱངས་པ་ལྟར་ལེགས་སྦྱར་གྱི་མ་དཔེ་རྩ་བརླགས་ཟིན་པའི་གཞུང་ལུགས་བོད་སྐད་དུ་བཞུགས་པ་རྣམས་ནས་ལེགས་སྦྱར་གྱིས་མཚོན་རྒྱ་གར་གྱི་སྐད་རིགས་ཁག་ཏུ་བསྒྱུར་ཏེ་བསྐྱར་གསོ་བྱེད་རྒྱུའི་ལས་རིམ་གཞི་རྒྱ་ཆེ་བ་ཞིག་བརྩམས་ཡོད་པ་དེ་དག་ད་ལྟ་གང་ལེགས་སྒྲུབ་བཞིན་ཡོད་པ་ནི་འདོད་བློ་ཚིམས་པའི་གནས་དང༌། བོད་མིས་འཛིན་སྐྱོང་བྱེད་པའི་རྒྱ་གར་གྱི་རིག་གཞུང་རྣམས་ད་ཆ་རྒྱ་གར་ལ་བསྐྱར་དུ་འབུལ་ལམ་ཞུ་རྒྱུའི་ལས་རིམ་མཚོན་པའི་ཆེད་བོད་སྐད་ཀྱི་བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང༌། ཝཱཎཱ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་ནས་ད་བར་ལེགས་སྦྱར་དུ་བསྐྱར་གསོ་ཟིན་པའི་ཆོས་ཚན་གྲངས་༦༣ དང༌། ཧིན་སྐད་སོགས་སུ་ཕབ་བསྒྱུར་ཟིན་པའི་ཆོས་ཚན་གྲངས་༡༥༠ ལྷག་ཙམ་ཞིག་རྒྱ་གར་རྒྱལ་ཁབ་ལ་འབུལ་ལམ་ཞུ་འཆར་ཡོད། དེ་རིང་ཁྱེད་རྣམ་པར་སྙན་གསན་ཞུ་བ་དང་ཆབས་ཅིག་ངོས་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ་རྒྱ་གར་གྱི་དབུས་དང་མངའ་སྡེའི་གཞུང་མི་མང་ཡོངས་ལ་སྙིང་ནས་ཐུགས་རྗེ་དང་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཡང་ཡང་ཞུ་རྒྱུ་ཡིན།
    དེ་བཞིན་བལ་ཡུལ་དང་འབྲུག་ཡུལ་གཉིས་ཀྱང་བོད་ཀྱི་ཁྱིམ་མཚེས་ཆོས་དང་རིག་གཞུང༌། སྤྱི་ཚོགས་བཅས་ཀྱི་འབྲེལ་ལམ་དམ་ཟབ་ཡོད་པའི་ཡུལ་ལུང་ཞིག་ཡིན་པ་དང༌། རྒྱལ་ཁབ་དེ་གཉིས་ཀའི་ནང་བཙན་བྱོལ་བོད་མི་མི་ཉུང་བ་ཞིག་ད་བར་གནས་སྡོད་ཀྱི་འཚོ་བ་བཟང་པོ་སྐྱེལ་བཞིན་ཡོད་པས་བལ་འབྲུག་གཉིས་ཀྱི་གཞུང་དང་མང་ཚོགས་བཅས་པར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། དེ་བཞིན་འཛམ་གླིང་ཡུལ་གྲུ་གང་སར་བཙན་བྱོལ་བོད་མི་མང་ཉུང་ཅི་རིགས་གནས་སྡོད་ཡོད་པའི་རྒྱལ་ཁབ་ཁག་གི་གཞུང་མང་ཡོངས་ལའང་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།།