རྒྱ་ནག་ཏུ་འཛམ་གླིང་ནང་པའི་ཚོགས་ཆེན།
དེ་ཡང་ཚོགས་ཆེན་དེའི་ཐོག་བོད་ཕྱོགས་ནས་རྒྱ་ནག་གིས་ངོས་འཛིན་བྱས་པའི་པཎ་ཆེན་བླ་མ་རྒྱལ་མཚན་ནོར་བུ་སོང་ཡོད་པ་དང༌། རྒྱ་ནག་ཕྱོགས་ནས་རྒྱ་ནག་མི་མང་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཞོན་དོའའོ་ཆིན་ལིན་གཙོ་བོར་གྱུར་པའི་དམར་ཕྱོགས་ཚོགས་པའི་འཐབ་ཕྱོགས་ཅིག་བསྒྱུར་གྱི་ཚོགས་གཙོ། རྒྱ་ནག་ནང་པའི་མཐུན་ཚོགས་ཀྱི་འགན་འཛིན། ཐེ་ཝན་ཧཕ་ལུང་ཀུང་དགོན་པ་གསར་འཛུག་བྱེད་མཁན་ཧཱ་སི་ཡན། ཧོང་ཀོང་ནང་པའི་འཐུས་མི་བཅས་ཚོགས་བཅར་བྱས་ཡོད་པ་རེད།
ཆོས་ཚོགས་དེར་ཕེབས་པའི་སྐུ་མགྲོན་ཚོའི་སྐད་ཆ་མང་ཆེ་བ་གཅིག་བསྒྱུར་ཡིན་པ་དང༌། ཁོང་ཚོས་བརྗོད་དོན་གཙོ་བོ་ནི་རྒྱ་ནག་དམར་ཕྱོགས་ཚོགས་པས་ལས་དོན་འདི་ལྟར་གཉེར་བ་ཧ་ཅང་གི་གཟི་བརྗིད་ཆེ་ཚུལ་དང༌། ནང་ཆོས་བརྒྱུད་ནས་འཛམ་གླིང་ལ་ཞི་བདེ་ལྷིང་འཇགས་ཡོང་རྒྱུ་སྨོས་མེད་ཡིན་པས། དེང་སྐབས་དཔལ་འབྱོར་ཉམས་གུད་སོགས་ཀྱི་དཀའ་ངལ་འདིའང་ནང་ཆོས་ཀྱི་ལྟ་སྤྱོད་ཐོག་ནས་སེལ་ཐབས་ཡོད་ཚུལ། དེ་རིང་གི་འཛམ་གླིང་ནང་པའི་མཐུན་ཚོགས་འདི་བརྒྱུད་ནས་འཛམ་བུ་གླིང་ལ་ཞི་བདེ་སྤེལ་རྒྱུར་ཕན་ཐོགས་ཡོད་ཚུལ་སོགས་བརྗོད་ཡོད་པ་རེད།
ཚོགས་བཅར་བ་ཡོངས་རྫོགས་ལ་བསམ་ཚུལ་བརྗེ་རེས་ཀྱི་གོ་སྐབས་གཅིག་བསྐྲུན་ཡོད་པའི་ནང༌། མང་པོ་ཞིག་གིས་ཇི་ལྟར་བྱས་ཏེ་ནང་པའི་རོལ་དབྱངས་གཅེས་སྐྱོང་གི་ཐབས་ལམ་འཚོལ་དགོས་པ་དང༌། དེ་བཞིན་སྡེ་སྣོད་གསུམ་ལ་འགྲེལ་བརྗོད་ཀྱི་ཚིག་གསལ་དཔེ་དེབ་བཟོ་རྒྱུ། ནང་ཆོས་དང་ཚན་རིག་གི་དབར་འབྲེལ་ལམ་ཇི་ལྟར་འཛུགས་ཐབས། ནང་ཆོས་དང་མི་མང་གི་བདེ་འཇགས་གཅིག་བསྒྱུར་བྱེད་ཐབས། ནང་ཆོས་དང་ཁོར་ཡུག་གི་འབྲེལ་ལམ་སོགས་ཀྱི་ཐད་བསམ་ཚུལ་མང་པོ་ཤོད་རེས་བྱས་ཡོད་པ་རེད།
སྐབས་དེར་པཎ་ཆེན་བླ་མ་རྒྱལ་མཚན་ནོར་བུའི་གཏམ་བཤད་དུ། དེ་རིང་གི་འཛམ་གླིང་ནང་པའི་ཚོགས་ཆེན་འདི་ངའི་རྒྱལ་ཁབ་རྒྱ་ནག་ཏུ་བསྐོངས་ཚོགས་བྱས་ཐུབ་པར་ཧ་ཅང་གི་དགའ་པོ་བྱུང༌། ཚོགས་ཆེན་འདིས་རྒྱ་ནག་གཅིག་བསྒྱུར་དང་སྲ་བརྟན་ཡོང་བར་ཕན་རླབས་ཆེན་པོ་ཐོན་ངེས་ཡིན་ལ། རྒྱ་ནག་གི་དབུ་འཁྲིད་ཚོའི་ཐུགས་ཁུར་འོག་ནས་ང་ཚོ་བོད་མི་མང་ལ་བདེ་སྐྱིད་ཐོབ་ཡོད། རྒྱ་ནག་གསར་པའི་སྲིད་བྱུས་འོག་སྤྱི་ཚོགས་འཆམ་མཐུན་དང་སྲ་བརྟན། ཆོས་ལུགས་དད་པ་རང་དབང་སོགས་ཀྱི་བདེ་སྐྱིད་འདི་ནི་ངས་མ་བཤད་ཀྱང་རྣམ་པ་ཚོས་ཤེས་ངེས་པ་རེད་ཅེས་སོགས། དང་ཐོག་དབྱིན་སྐད་ཐོག་ནས་གཏམ་བཤད་བྱས་ཡོད་པ་རེད།
རྒྱ་ནག་ཏུ་འཛམ་གླིང་ནང་པའི་མཐུན་ཚོགས་མཇུག་སྒྲིལ་ཚར་རྗེས་དེ་ནས་ཐེ་ཝན་གྱི་རྒྱལ་ས་ཐེ་པཱས་ལ་བསྐོངས་ཚོགས་བྱས་ཡོད་པ་དང༌། དེའི་ནང་ཐེ་ཝན་དུ་ཡོད་པའི་ནང་པའི་དགོན་སྡེ་ཁག་གི་སྐུ་ཚབ་དང་མཁས་དབང་སོགས་གདན་འདྲེན་ཞུས་ཏེ། ནང་ཆོས་འཛམ་གླིང་ལ་དགོས་པའི་ཆོས་ལུགས་ཡིན་ཚུལ་སོགས་རང་རང་སོ་སོའི་བསམ་ཚུལ་བརྗེ་རེས་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།