སྒོ་ཕྱེ་སྟེ་ལོ་ངོ་གཅིག་ཧྲིལ་པོ་འཁོར་བ།
སུ་ཞིག་གིས་རང་གི་འདས་པའི་དངོས་བྱུང་ལ་ནོར་འཁྲུལ་ཡོད་ན་མ་འོངས་པའི་མདུན་ལམ་ལ་ཡོ་སྲང་བྱེད་དགོས། དེ་ཡང་༢༠༠༨ ལོའི་ཆོ་འཕྲུལ་སྨོན་ལམ་སྐབས་དོལ་ཚོགས་ངན་འབྲེལ་བ་དང་བཅས་པས་འཆར་གཞི་གཏིང་ནག་གིས་མའེ་སོར་ཁུལ་གྱི་ཉེན་རྟོགས་པར་སྙན་ཞུ་རྒྱབ་ཏེ་སེ་རར་ཆོ་འཕྲུལ་སྨོན་ལམ་ཚོགས་མི་བཅུག་པ་སོགས་བྱས། སེ་ར་ཚོགས་ཆེན་དང་སེར་སྨད་གྲྭ་ཚང༌། དེ་གཉིས་ཀྱི་ཁྱབ་ཁོངས་ཀྱི་ལས་ཁུངས་མ་ལག་དང་བཅས་པ་ཟླ་བ་གཉིས་ལྷག་ཙམ་སྒོ་རྒྱབ་དགོས་བཟོས། མཐར་སེ་ར་ཚོགས་ཆེན་གྱི་ལྡེ་མིག་ཀྱང་བཙན་འཕྲོག་བྱས་པ་དང་སེ་ར་གླིང་ཡོངས་རྫོགས་ལོ་ཟླ་འབྲེལ་ཏེ་སྒོ་རྒྱབ་རྒྱུའི་འཆར་གཞི་དང་སྡིག་སྐུལ་བྱས་ཡོད། དཻ་དུས་སེ་ར་ནང་གི་མཁན་དགེ་ཚོགས་བསྡུ་བ་བཅས་སུས་ཀྱང་གདོང་ལེན་མི་ཐུབ་པའི་དཀལ་ངལ་འཕྲད་དེ་སེར་སྨད་མཁན་པོས་ཀྱང་དཀལ་ངལ་འདི་གྲྭ་ཚང་སྨད་ཙམ་མིན་པར་སེ་ར་གླིང་དང་གཞུང་མང་ཚང་མའི་དཀའ་ངལ་ཡིན་ཚུལ་དང༌། སྐྱ་སེར་ཚང་མས་འགན་འཁུར་དང་རྒྱབ་བསྐྱོར་དགོས་པའི་གཏམ་བཤད་མཛད་ཡོད། སྐབས་དེར་དོལ་ཚོགས་པས་རང་གི་འདོད་ཚུལ་གསལ་པོར་བརྗོད་པ་ནི། དགའ་ལྡན་སྙན་རྒྱུད་གདམས་ངག་གི་བླ་མ་རྣམས་ལ་ལོག་བལྟ་མ་སྐྱེས་བར་དོལ་རྒྱལ་འཚམས་འཇོག་བྱེད་ཐབས་མེད་ཅེས་བཤད། དེས་དངོས་ཡོད་གསལ་བཤད་ནི། དོལ་རྒྱལ༌།ཚམས་འཇོག་བྱེད་མཁན་རྣམས་དགེ་ལུགས་པའི་བླ་མ་གོང་མ་རྣམས་ལ་ལོག་བལྟ་ཅན་རེད་ཅེས་བཀུར་འདེབས་བྱེད་ཀྱི་ཡོད། ཁོ་པ་ཚོས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་སྒྲོ་བསྐུར་མཚན་སྨད་ཞུ་སྟངས་དེ་དག་གིས་ཤེས་ཐུབ། དོལ་རྒྱལ་རྗེས་འབྲང་བའི་བརྒྱ་ཆ་དགུ་བཅུ་ལྷག་གིས་དོལ་རྒྱལ་ཚོགས་པའི་ལངས་ཕྱོགས་ཇི་ཡིན་ཤེས་ཀྱི་མེད། ཛ་དྲག་གི་གནས་ཚུལ་དེ་དག་ལ་བསྟེན་ནས་༢༠༠༨ ཟླ་བ་༤ ཚེས་༣ ཉིན་སྦེལ་ཀོབ་ས་གནས་སུ་ཧི་མ་ལའི་བོད་དོན་རྒྱབ་བསྐྱོར་ཚོགས་པ་ཛ་དྲག་ཆེན་པོས་བཙུགས་པ་དང༌། ༢༠༠༨།༤།༥ ཉིན་ཚོགས་པ་དེས་སྣེ་འཁྲིད་དང་མི་མང་གིས་རྒྱབ་བསྐྱོར་ལ་བརྟེན་ནས་དོལ་ཚོགས་ངན་འབྲེལ་པ་དང་བཅས་པ་འཕམས་ཉེས་སུ་བཏང་ནས་སེ་ར་ཚོགས་ཆེན་སྒོ་ཕྱེ་ཐུབ་པ་དང༌། དོལ་ཚོགས་གཏེར་དཔོན་མི་དྲུག་གནས་དབྱུང་བཏང་ཐུབ་པ་བྱུང་ཡོད། ངན་འབྲེལ་བ་སུ་ཞིག་ཕམ་ཉེས་སུ་ཕྱིན་མ་ཕྱིན་གྱི་གསལ་བཤད་ནི་གནས་བབས་ཀྱིས་བྱེད་མི་ཐུབ་ཅིང་སྐབས་དེར་མཁན་པོ་བློ་བཟང་རབ་འགའ་ལགས་ནས་རོགས་རམ་དགོས་ལུགས་གོང་འཁོད་ལྟར་ཡང༌། ཧི་མ་ལའི་བོད་དོན་ཚོགས་པས་མདུན་སྤོས་ཀྱི་ལས་འགུལ་ཕྱིར་འཐེན་བྱེད་བཅུག་པ། རོགས་རམ་དུ་འཛོམས་པའི་མི་མང་ཕྱིར་བསློག་མཛད་པ། གློག་འཕྲེན་དྲྭ་རྒྱའི་ནང་ལ་དོལ་རྒྱལ་ཚོགས་པའི་མིང་ཐོགས་ནས་སེ་ར་ནས་ཕྱིར་ཕུད་ཟིན་པའི་དོལ་ཚོགས་སྟེ་པོ་ཐུབ་བསྟན་བསམ་འཕེལ་སོགས་དྲུག་པོ་དེ་སྒྲིག་ཁོངས་སུ་བཅུག་དགོས་པ་དང༌། མ་བཅུག་ན་ྋགོང་ས་མཆོག་ལ་གནོད་རྐྱོན་བཟོ་རྒྱུ་ཡིན་ལུགས་སོགས་ཡོངས་ཁྱབས་བྱས་པ། མཁན་པོས་ཐུབ་བསྟན་བསམ་འཕེལ་སོགས་ཡར་བཅུག་ཐབས་འགོ་བརྩམས་པ་སོགས་ནི་དོལ་ཚོགས་ཕམ་ཉེས་སུ་བཏང་ཟིན་མ་ཐག་གི་ཧ་ཅང་གི་མགྱོགས་ཚད་མྱུར་བའི་ཡ་ཚན་གྱི་རྒྱུར་ལྡོག་ཡིན། སྐབས་དེར་སེར་སྨད་གྲྭ་ཚང་གི་ཚོགས་འདུའི་སར་ཧི་མ་ལའི་ཚོགས་མི་རྣམས་གདན་ཞུས་ཀྱིས་མཁན་ལས་སྣེ་ཚོས་ང་ཚོ་སེར་སྨད་གྲྭ་ཚང་དེས་ཐབས་ཤེས་ཡོད་ཚད་བྱས་ཀྱང་གྲུབ་འབྲས་གང་ཡང་མ་བྱུང༌། ད་ཆ་ཧི་མ་ལའི་ཚོགས་པ་ནས་གང་དྲག་བྱས་ཏེ་བྱུང་བའང་རོགས་རམས་གནང་རོགས་ཞེས་རེ་ས་གཞན་དུ་མེད་པའི་ཞུ་འབོད་བྱས་ཡོད་ཀྱང༌། ཚེས་༧ ཉིན་ནས་ཞུ་འབོད་ཀྱི་ངོ་བོར་ཁ་དོན་མི་མཚུངས་པའི་འགྱུར་ལྡོག་བྱུང་སྟེ་རིམ་གྱིས་མཐར་ཚེས་༡༨ ཉིན་སེ་ར་བླ་སྤྱིའི་ཚོགས་འདུའི་སར་སེར་སྨད་མཁན་པོས་ཚིག་ཐག་ཆོད་པོས་ཧི་མ་ལའི་ཚོགས་མི་ཚོར་རྒྱབ་སྐྱོར་མི་དགོས་ཚུལ་དང༌། ང་ཚོ་སེར་སྨད་གྲྭ་ཚང་གི་དཀའ་ངལ་འདི་ང་ཚོ་རང་གིས་མགོ་བཏགས་སངས་རྒྱུ་ཡིན་སོགས་གསུངས། ཉིན་དེ་ནས་ཧི་མ་ལའི་མདུན་སྤོས་ཀྱི་ལས་དོན་ལ་འགོག་གནོན་གྱི་འགོ་བཙུགས་ཡོད། ཧི་མ་ལའི་ཚོགས་པ་འདིས་བོད་དོན་རྒྱབ་སྐྱོར་བྱེད་རྒྱུའི་ཞལ་བཞེས་དང༌། དོལ་རྒྱལ་གྱི་གནས་ཚུལ་ལ་གདོང་ལེན་བྱ་རྒྱུའི་དམིགས་བསལ་གྱི་གྲ་སྒྲིག་བྱས་ཡོད། ༡༽ ང་ཚོའི་མི་མང་ལ་དོལ་རྒྱལ་དང་འབྲེལ་བའི་དཀའ་ངལ་གསེལ་རྒྱུའི་རོགས་རམས་བྱ་རྒྱུར་ཞལ་བཞེས་གནང་ཡོད། ༢༽ ཧི་མ་ལའི་མི་རིགས་དོལ་ཚོགས་ཀྱིས་བསླུ་འཁྲིད་བྱས་པ་རྣམས་དོལ་ཚོགས་ཁྲོད་ནས་ཚུར་ལེན་ཐབས་བྱས་ཡོད། ༣༽ མ་འོངས་པ་ནའང་དོལ་ཚོགས་ཁྲོད་དུ་གསར་བཞུགས་བྱ་མི་འགོག་ཐབས་དང༌། ཧི་མ་ལ་ཡའི་ས་ཁུལ་ཁག་སོ་སོར་གསལ་བཤད་བྱ་རྒྱུའི་འཆར་གཞི་བྱས་ཡོད། ༤༽ ང་བླ་མས་སྣེ་འཁྲིད་དེ་དོལ་ཚོགས་ཀྱིས་ྋགོང་སྋསྐྱབས་མགོན་ཆེན་པོ་མཆོག་ཁྲིམས་སྦྱར་བྱས་པ་དང༌། བཙན་བྱོལ་བོད་གཞུང་མེད་པ་བཟོ་ཐབས་ཀྱིས་ཁྲིམས་འབྱོར་བྱེད་སྐབས་གདོང་ལེན་མཐར་ཕྱིན་བྱ་རྒྱུའི་གྲ་སྒྲིག་བྱས་ཡོད། ༥༽སེ་ར་དང་དགའ་ལྡན་སོགས་ཀྱི་དོལ་ཚོགས་གཙང་མ་བཟོ་ཐབས་ཀྱིས་འབད་བརྩོན་བྱས་ཡོད། འོན་ཀྱང་དབང་འཛིན་པ་འགས་འགོག་རྐྱེན་གྱིས་གནས་ཚུལ་བྱུང་སྟེ་མཐར་ཚོགས་པ་དེ་སྒོ་རྒྱབ་དགོས་ཆགས་པ་དང༌། ཚོགས་གཙོ་སེར་བྱེས་དགེ་ཟུར་དགེ་བཤེས་བློ་བཟང་ཆོས་དར་ལགས་གནས་དབྱུང་གཏོང་ཐབས་བྱས་པ། ནག་ཆེན་ཕྱིར་འབུད་བྱས་པ་རྣམས་སྒྲིགས་ཁོངས་སུ་ཡར་བཅུག་པ་དང་བཅུག་ཐབས་བྱས་པ། ཧི་མ་ལའི་ཚོགས་མི་རྣམས་ལའང་བསུན་བཙིར་དང༌། མི་དམངས་ལ་བློ་འཕམས་བྱེད་དགོས་པ་བཟོས་ཡོད། མཐའ་དོན་བློ་ཡུལ་དུ་བསམ་དཀའ་བའི་ཆེས་ཡ་ཚན་ཅན་གྱི་དཀར་ནག་གོ་ལྡོག་གི་གནས་ཚུལ་བྱུང་ཡོད།སྦེལ་ཀོབ་ས་གནས་ཧི་མ་ལའི་བོད་དོན་ཚོགས་པ་དེ་བཞིན་སྒོ་རྒྱབ་དགོས་ཆགས་པ་དེས་བཙན་བྱོལ་བོད་གཞུང་མང་ཡོངས་ལ་གྱོང་གུན་ཅི་ཙམ་ཞིག་འཕོག་ཡོད་མེད་ནི་བཤད་དཀའ་བར་གྱུར། དོལ་རྒྱལ་ཁ་ཁྱེར་བ་ཚོར་འཆར་གཞི་འདྲ་མིན་འགྲིགས་རྒྱུའི་གོ་སྐབས་བྱུང་ཡོད། ཕྱི་ལོ་༢༠༠༨ ཟླ་བ་༣ ཚེས་༡༥ ཉིན་སྦེང་ལོར་དུ་དབྱིན་ལན་གནས་བསྡོད་པ་བསྐལ་བཟང་རྒྱ་མཚོ་སླེབས་ནས་དོལ་ཚོགས་དང་ཚོགས་འདུ་ཚོགས་ཏེ། དགའ་ཤར་དང་སེར་སྨད་ནས་ཕྱིར་བུད་པའི་དོལ་ཚོགས་ཚོགས་ཁག་གཉིས་ལ་གྲྭ་གྲངས་གསུམ་སྟོང་ཙམ་རེ་བཟོ་རྒྱུ་དང༌། སྐལ་བཟང་རྒྱ་མཚོ་ནས་དེ་དག་ལ་སྦྱིན་བདག་བྱེད་རྒྱུའི་ཐག་ཆོད་བྱུང་བ་བཞིན༌། ཁོ་ཚོས་དམངས་གཞི་སྲ་བརྟན་དང༌། གོང་འཕེལ་གཏོང་ཐབས་བྱེད་བཞིན་ཡོད་པ་སོགས་ཕྱི་ནང་གི་གནད་དོན་མང་པོ་བྱུང་བཞིན་ཡོད། ཕྱི་ཟླ་༤ པ་དང་༥ པའི་ནང་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་ཁག་ལ་ཆིབས་བསྒྱུར་བསྐྱངས་སྐབས་མཚན་མཐོང་གཅོག་ཐབས་ཀྱིས་ངོ་རྒོལ་མཚན་སྨད་ཚབས་ཆེན་བྱས་ཡོད་པ་དང་ཕྱི་ཟླ་༦ དང་༧པའི་ནང་ཧཕ་རན་སི་གཟུགས་མཐོང་བརྙན་འཕྲིན་ཉེར་བཞིའི་དཔར་པ་དང༌། དྲི་བ་བྱེད་མཁན་འཁྲིད་དེ་སྦེལ་ཀོབ་དང་ཨུཁྲི། རྡ་ས་སོགས་ལ་ཡོང་ཏེ་དཔར་ལེན་དང༌། མི་མང་ལ་གནོན་ཤུགས་ཀྱིས་དྲི་བ་བྱས་པ་དང༌། ཕྱི་ཟླ་༩ པའི་ཚེས་༣༠ ཙམ་ལ་སི་ཨན་ཨན་ཟེར་བའི་གཟུགས་མཐོང་གསར་བསྒྱུར་ལམ་ནས་ྋགོང་ས་མཆོག་དང༌། རང་གཞུང་མི་མང་བཅས་པར་སྐྱོན་བརྗོད་སྣ་ཚོགས་བྱས་པ། གཞན་ཡང་དོལ་ཚོགས་ཀྱིས་༢༠༠༨ ལོའི་སྨོན་ལམ་ཚོགས་སྐབས་དངུལ་གྱིས་གནོད་ཤུགས་སྤྲད་དེ་ཀ་ན་ཊ་ཀའི་གཟུགས་མཐོང་བརྙན་འཕྲིན་ཨང་དགུ་པའི་ནང༌། དགེ་འདུན་པ་དང་མི་མང་རྣམས་པར་སྐྱོན་འཛུགས་སྣ་ཚོགས་བྱས་པ་དང༌། ༢༠༠༩ ལོའི་ཟླ་བ་༢ ཚེས་༩ དང༌། ༡༠ ཉིན་གཉིས་ལ་ཀ་ན་ཊ་ཀ་སྔ་སྡེའི་གཟུགས་མཐོང་བརྙན་འཕྲིན༼སར་ཝེར་ཎ༽གི་ནང་ལ་གོང་མཚུངས་ལྟར་སྐྱོན་བརྗོད་བྱས་ཡོད་པ་དེ་དག་ཁོ་ཚོས་དངུལ་རྔན་བསྣོན་ཤུགས་ཀྱིས་བྱས་པར་གནས་ཚུལ་རྟོགས་ཞིབ་པ་ཚོས་ཤེས་རྟོགས་བྱུང་ཡོད། ༢༠༠༩ ལོའི་ཟླ་བ་༢ ནང་ྋགོང་ས་མཆོག་སེ་ར་ཆོས་སྒར་དུ་ཕེབས་སྐབས་རྙོག་དྲ་སློང་རྒྱུའི་འབད་བརྩོན་མང་པོ་བྱས་ཡོད། གོང་བཀོད་གནས་ཚུལ་དེ་དག་ལ་ཕྱོགས་གང་ས་ནས་རྟོགས་ཞིབ་ཞིབ་ནན་བྱས་ཏེ་ཡོ་སྲང་དང༌། གདོང་ལེན་བྱེད་དགོས། ལྷག་པར་གནད་དོན་དེའི་ཐད་ལས་འགུལ་འགོ་བརྩམས་མཁན་ཚོས་འགོག་རྐྱེན་ལ་བརྙད་བཏགས་ཏེ་ཁྱི་ལག་པ་ཆགས་པ་ལྟར་འཚམས་འཇོག་མ་བྱས་པར་འཇུག་སྐྱོངས་ཀྱི་ཤུགས་གནོན་རྒྱབ་དགོས། །བཅས་ཕྱི་ལོ་༢༠༠༩ ཟླ་བ་༤ ཚེས་༥ སེ་ར་ཚོགས་ཆེན་སྒོ་ཕྱེ་ཐུབ་སྟེ་ལོ་ངོ་གཅིག་འཁོར་བའི་ཉིན་མོ་དང་བསྟུན་ཏེ་བློ་བཟང་རབ་དགའ་འབོད་པས་སྤེལ་ལོ།