སེར་སྨད་བློ་དགའི་གཏམ་སྙན་ལས་འཕྲོས་པ།
ཡིན་ན་ཡང་སེ་ར་ཐེག་པ་ཆེན་པོའི་གླིང་གི་དགེ་འདུན་པ་ཚོའི་ངོས་ནས་ཀྱང་ཐུགས་གསོ་དང་མཆོད་སྨོན་ལ་ཕེབས་པ་དེ་ནི་སྟོན་དང་བསྟན་པ་གཅིག་གི་དད་དམ་ལ་རྒྱ་དང་། མི་རིགས་ཀྱི་བརྩེ་ཞེན། ཁྱིམ་མཚེས་ཀྱི་འབྲེལ་ལམ་གང་ཅིའི་ཐད་ནས་ཧ་ཅང་གི་རླབས་ཆེན་དང་གནད་འགག་ཡོད་པ་ཞིག་ཆགས་ཡོད་པ་རེད། འདི་ལྟ་བུ་ནི་ལོ་རྒྱུས་ཀྱི་སྟེང་དུ་ཅི་སྲིད་བར་དུ་གནས་པར་འོས་པའི་གཏམ་སྙན་ཞིག་ཀྱང་ཡིན། ལོ་རྒྱུས་ཀྱི་སྟེང་དུ་བོད་ཀྱི་བླ་མའི་ཆོས་རྒྱུད་འདི་ལ་སྐྱོན་ཞིག་བྱུང་བ་དེ་ནི་ཆོས་རྒྱུད་བར་ལ་མཐུན་ལམ་མ་བྱུང་ནས་ཆོས་འཇིག་རྟེན་གང་ཐད་ནས་ལྟ་ཉན་མེད་པའི་ཞབས་འདྲེན་མང་པོ་ཞུས་ཡོད་པ་དེ་རེད། སྐྱོན་དེ་ནི་བོད་གངས་ཅན་པ་ཚང་གི་ཁ་ལས་རླུང་རྟ་རྒུད་པའི་རྩ་བ་ཉག་གཅིག་ཏུ་ཡང་གྱུར་ཡོད། ད་ལྟ་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་དབུ་ཁྲིད་དེ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་གྲུབ་དབང་ཐམས་ཅད་མཁྱེན་པ་པདྨ་ནོར་བུ་སོགས་ཆོས་རྒྱུད་ཁག་གི་བླ་ཆེན་་ཐབས་མཁས་ཐུགས་རྗེའི་བདག་རྐྱེན་ལ་བརྟེན་ནས་ཆོལ་ཁ་དང་ཆོས་རྒྱུད་ཚང་མས་ཐུན་མོང་ལ་ལ་དབང་བའི་ཁྱིམ་གཞིས་གཅིག་ཡོད་པ་ངོས་ཟིན་པ་ཞིག་བྱུང་བ་འདི་ཡང་ལོ་རྒྱུས་ཀྱི་སྟེང་དུ་བྱུང་མ་མྱོང་བའི་ཡར་རྒྱས་ཀྱི་གོམ་སྟབས་ཆེན་པོ་ཞིག་ཡིན། དགེ་འདུན་མཐུན་པ་བདེ་བ་སྟེ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །ཞེས་པ་བཞིན་དགེ་འདུན་མཐུན་པ་དེ་ནི་བསྟན་པ་དར་བའི་ཆ་རྐྱེན་ཨང་དང་པོ་དེ་ཡང་རེད།
