རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལག་བསྟར་གྱི་འཆར་འགོད།

དེ་ཡང་རྒྱ་ནག་གིས་ཁྲིམས་འགལ་གྱི་མིང་འོག་ནས་བཀག་ཉར་དང་མནར་གཅོད་གཏོང་བཞིན་པ་རྣམས་མཚམས་འཇོག་དང༌། ཆབ་སྲིད་ཀྱི་ལས་འགུལ་ལ་གུ་ཡངས། སྲོག་ཐོག་གི་ཁྲིམས་ཆད་ངེས་པར་དུ་བཀག་འགོག་བྱེད་རྒྱུ། གྱོད་གཞི་རྣམས་ཁྲིམས་གཏུགས་ཞིབ་བཤེར་གྱི་ཐོབ་ཐང་ཡོད་པ། ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་རང་འདོད་ལྟར་བསྐྱོད་ཆོག་པ། དྲ་རྒྱའི་ཐོག་ཁྲིམས་ལུགས་ཀྱི་རྒྱ་ལས་མ་བརྒལ་བའི་ཐོག་ནས་རྩོམ་རིགས་འདྲ་མིན་སྤེལ་ཆོག་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཡར་རྒྱས་གཏོང་ཐབས་སུ་གཞུང་ངོས་ནས་འགན་ལེན་གང་ཐུབ་བྱེད་རྒྱུ། གྲངས་ཉུང་མི་རིགས་དང་བུད་མེད་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་འཁོད་ཡོད་པར། འགྲོ་བ་མིའི་ཐོབ་ཐང་ལ་དོ་སྣང་བྱེད་མཁན་གྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་དགའ་བསུ་ཞུ་བ་དང་མཉམ་དུ། རྒྱ་ནག་ལ་ངེས་པར་དུ་ཡིག་ཐོག་གི་ཚིག་དོན་རྣམས་ལག་ལེན་ལ་བསྟར་དགོས་ཞེས་ནན་བརྗོད་བྱས་ཡོད་པ་རེད། རྒྱ་ནག་གཞུང་འབྲེལ་ཤིན་ཧཱ་གསར་ཁང་ནས་ཡིག་ཆ་དེའི་ངོ་སྤྲོད་ཀྱི་ལེ་ཚན་སྒྲོགས་སྦྱང་སྐབས་སུ་བརྗོད་དོན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་རྩ་དོན་ལ་གུས་བརྩི་དང༌། རྒྱ་ནག་གཞུང་ངོས་ནས་དངོས་ཡོད་ཀྱི་གནས་སྟངས་གཞི་ལ་བཞག་སྟེ་ཁྲིམས་གཅོད་གུ་ཡངས། འགྲོ་བ་མི་ལ་ལྷན་སྐྱེས་སུ་ཡོད་པའི་ཐོབ་ཐང་སྲུང་སྐྱོབ་དང་ཡར་རྒྱས་བཅས་ལ་དམིགས་ནས་ཡིག་ཆ་འདི་གཏན་འབེབས་བྱས་པ་རེད་ཅེས་ཡོངས་ཁྱབ་གསལ་བསྒྲགས་བྱས་ཡོད་པ་རེད། སྤྱིའི་ཆ་ནས་འདི་ལོའི་ལོ་སྟོད་དུ་སུ་ཝི་སུ་ལུང་པར་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས། རྒྱལ་ཁབ་མང་པོའི་འཐུས་མི་ཚོས་རྒྱ་ནག་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་པའི་རྐྱེན་གྱིས། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་གི་ཡིན་ཞེས་ཁས་ལེན་བྱས་པ་ཞིག་ཡིན་པ་དང༌། ཨེ་ཤ་ཡའི་རྒྱལ་སྤྱིའི་བཙོན་གྲོལ་མཐུན་ཚོགས་ཀྱི་ཚོགས་གཞོན་རོ་སིན་མཆོག་གིས། བྷི་བྷི་སིའི་གསར་འགྱུར་བརྒྱུད་ལམ་ཐོག་ནས། དེ་རིང་གི་ཡིག་ཆ་བརྒྱུད་བསྒྲགས་བྱས་པ་དེ་རྒྱ་ནག་རྒྱལ་སྤྱིའི་ཁྲིམས་ཐོག་གི་ལངས་ཕྱོགས་སུ་བསྐྱོད་པའི་གོམ་སྟོབས་ཡག་པོ་ཞིག་ཡིན་པ་དང༌། རྒྱ་ནག་གིས་རྒྱལ་སྤྱིའི་བསམ་ཚུལ་ལ་རིན་ཐང་སྤྲད་དེ་འགྲོ་བ་མིའི་ཐོབ་ཐང་ལ་ངོས་འཛིན་གཏིང་ཟབ་བྱས་པ་དེ་ཧ་ཅང་དགའ་འོས་པ་ཞིག་རེད་ཅེས་བརྗོད་ཡོད་པ་རེད། གསར་འགྱུར་དབྱེ་ཞིབ་པ་ཚོས། འཛམ་གླིང་འདིའི་ཐོག་རྒྱ་ནག་མདུན་བསྐྱོད་བྱེད་པའི་གོ་སྐབས་ཧ་ཅང་ཡག་པོ་ཡོད་པས། འགྲོ་བ་མིའི་ཐོབ་ཐང་གི་ཐད་ལ་འབད་བརྩོན་ལུགས་དང་མཐུན་པ་བྱས་ན། འབྱུང་འགྱུར་གྱི་རྒྱ་ནག་དེ་ད་ལྟའི་རྙོག་འཛིང་ཅན་གྱི་རྒྱ་ནག་ལས་ལམ་ཕྱོགས་གཞན་ཞིག་ཏུ་འགྲོ་ཐུབ་ངེས་ཡིན་པ་མ་ཟད། འཛམ་གླིང་མི་དམངས་ཀྱི་མིག་དང་སྣང་བར་འཆར་བཞིན་པའི་རྒྱ་ནག་གི་མིང་གཞུང་ནག་པོ་དེ། དུས་ཚོད་ཐུང་ངུ་ཞིག་གི་ནང་ཁྲིམས་མཐུན་སྟོབས་འབྱོར་ལྡན་པའི་ཤར་ཨེ་ཤ་ཡའི་མིག་དཔེ་བལྟ་སའི་རྒྱལ་ཁབ་ཅིག་ཆགས་ཐུབ་ངེས་ཡིན་ཞེས་བརྗོད་ཡོད་པ་རེད།།