བུད་མེད་ལྷན་ཚོགས་ཀྱི་འོས་བསྡུའི་གནས་བབས།
སྐབས་བརྒྱད་པའི་ཚོགས་གཙོ་བུ་མོ་ཚེ་རིང་ལགས་ཀྱིས་མཇུག་བསྡོམས་གསུང་བཤད་གནང་སྐབས། དང་ཐོག་ང་ཚོས་ཚུར་རྩིས་ལེན་སྐབས་ཧིན་སྒོར་འབུམ་༧༨ ཡས་མས་ཤིག་རྩིས་བླངས་ཡོད་པ་རེད། ད་ལྟ་ཕར་རྩིས་སྤྲོད་རྒྱུ་འབུམ་༩༨༣༣༤༧༣ ཡོད། ཡིན་ནའང་འདས་པའི་ལོའི་ནང་ལ་ཧིན་སྒོར་འབུམ་༣༡༦༣༦༩༧༠།༩༧ དབུས་རྒྱུན་ལས་ནས་མཁོ་སྒྲུབ་དང་འགྲོ་སོང་བཏང་ནས་དགོས་ངེས་ཀྱི་ལས་དོན་བསྒྲུབས་ཡོད། དཔལ་འབྱོར་གལ་ཆེན་པོ་རེད་མོད། སྔོན་མ་ལས་མང་པོ་རྩིས་སྤྲོད་རྒྱུ་གཙོ་འདོན་བྱས་ནས་ལས་ཀ་མ་བྱས་ན་ཡང་ཕན་ཐོགས་ཡོད་པ་མ་རེད་ཅེས་ཚོགས་པའི་ལས་དོན་བྱེད་ཕྱོགས་ཐོག་ལམ་སྟོན་གསུང་བཤད་གནང་ཡོད་པ་རེད། སྤྱིར་ད་ལྟ་རྒྱལ་སྤྱིའི་ས་གནས་གང་སར་བུད་མེད་ཀྱི་ཐོབ་ཐང་དང། ཕོ་མོ་འདྲ་མཉམ་བྱེད་དགོས་པའི་ཚ་རླབས་འཕྱུར་བཞིན་ཡོད་ལ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་ཕོ་མོ་འདྲ་མཉམ་མ་ཡིན་པའི་རྙོག་གྲ་ཆེན་པོ་མེད་ནའང། བུད་མེད་ཀྱི་ནུས་ཤུགས་སྤེལ་ཏེ་སྤྱི་ཚོགས་ནང་ལས་དོན་ཚང་མར་ཕོ་མོ་མཉམ་ཞུགས་ཡོང་ཐབས་ལ་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པ་རེད། བོད་ཀྱི་བུད་མེད་ལྷན་ཚོགས་ནི་བཙན་བྱོལ་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་ཀྱི་གྲས་ཡིན་ལ། དེ་བས་བུད་མེད་ཀྱི་གནས་བབས་ཐོག་ལ་གལ་ཆེན་ཆགས་ཡོད་པས། ཉིན་གུང་དེར་གསར་འགྱུར་བསྡུ་རུབ་ཆེད་ཚོགས་ཆེན་ཐོག་བསྐྱོད་པ་ཡིན། སྐབས་དེར་ལས་དོན་བྱེད་ཕྱོགས་ཐོག་གྲོས་ཆོད་རིམ་པ་འཇོག་བཞིན་འདུག། ཚོགས་མི་མང་ཆེ་བ་ལོ་ན་རྒན་པ་རེད་འདུག་ལ། ཚང་མས་བོད་གོས་གཅིག་འགྱུར་གྱི་སྒྲིག་ཆས་གྱོན་ནས་རྔམ་བརྗིད་ལྡན་པའི་ངང་འཚོག་འདུག་མོད། ཕར་བལྟས་ཚོད་མང་ཆེ་བར་སློབ་སྦྱོང་གི་ཆུ་ཚད་ཞན་པོ་ཡིན་པའི་ཚོར་སྣང་བྱུང། གྲོས་གཞི་གྲོས་ཆོད་འགྲིག་མིན་གྱི་ཐད་ལ་ཉིན་དེར་དགོངས་ཚུལ་གསུང་མཁན་ཡང་ཤིན་ཏུ་ཉུང་ཉུང་ལྟ་བུ་རེད་འདུག་པ་དང།
བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ལོ་རེ་བཞིན་ཕོ་མོ་དབྱེར་མེད་ཀྱིས་མཐོ་སློབ་ཐོན་མཁན་གང་འཚམས་ཡོད་མོད། བུད་མེད་ཚོགས་པའི་ལས་དོན་བྱེད་ཕྱོགས་ཐོག་མཉམ་ཞུགས་བྱེད་མཁན་ཉུང་ཉུང་ཡིན་པ་དེ་ཡང་བུད་མེད་ཀྱི་གནས་བབས་ཐོག་ནས་ཞན་ཆ་ཞིག་རེད་འདུག གཞན་དང་མ་འདྲ་བ་ཞིག་ཞིག་ནི་གྲོས་ཆོད་འཇོག་སྐབས་ཚོགས་འདུ་གཙོ་སྐྱོང་ཡང་ཚོགས་དྲུང་གིས་གནང་ཡོད་པས། འགྲོ་སྟངས་དང་ཉམས་མྱོང་གི་ཆ་ནས་གཙོ་སྐྱོང་ཡང་དེ་ཙམ་ཡག་པོ་མི་འདུག ཡིན་ནའང་རྩ་བའི་གྲོས་ཆོད་ཁག་བོད་སྤྱིའི་རྩ་དོན་ལ་ཕན་པའི་ལས་དོན། བྱེ་བྲག་བུད་མེད་ཀྱི་ལས་དོན་བྱེད་ཕྱོགས་སྐོར་ལ་གྲོས་ཆོད་དོན་ཕན་ལྡན་པ་མང་པོ་བཞག་སོང།
གྲོས་ཆོད་ཁག་ལེགས་འགྲུབ་ཟིན་པའི་རྗེས་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཕེབས་སོང། ཁོང་ལ་དེ་སྔོན་དབུས་རྒྱུན་གྱི་ངོས་ནས་འོས་གཞིའི་ནང་དུ་ཞུགས་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་ཁོང་འོས་ཁོངས་སུ་ད་ལྟ་ཞུགས་ཐུབ་ཀྱི་མི་འདུག སྤྱི་འཐུས་རྒྱུན་ལས་ཡིན་པ་དང། རྗེས་སུ་ཞབས་ཕྱི་ཞུ་དགོས་གང་རིགས་ལ་འབད་བརྩོན་བྱེད་རྒྱུ་ཡིན་པ་གསལ་བཤད་གནང་ནས་ཕྱི་ལོགས་སུ་ཕེབས་སོང་ལ། སྐབས་དེར་ཡང་དབུས་རྒྱུན་ཁག་ཅིག་གིས་མཉམ་ཞུགས་དགོས་སྐོར་ལ་འབོད་སྐུལ་བྱས་སོང་མོད། འོས་གཞིའི་ནང་དུ་ཞུགས་རྒྱུར་ཞལ་བཞེས་གནང་མེད་པ་འདྲ། ཕྱི་དྲོ་དེར་དབུས་རྒྱུན་འོས་བསྡུ་འགོ་འཛུགས་བྱས་སོང། སྐབས་དེར་དབུས་རྒྱུན་གྱི་འོས་གཞི་བཏོན་པ་དང། ས་གནས་ཁག་ནས་འོས་གཞི་རྣམས་ནག་པང་ཐོག་ཏུ་བྲིས་ཏེ། འོས་བླུགས་ལ་ཉེ་བའི་སྐབས་དེར། སྐབས་བརྒྱད་པའི་ཚོགས་གཙོ་བུ་མོ་ཚེ་རིང་ལགས་ཀྱིས་དབུས་རྒྱུན་ནས་བཏོན་པའི་འོས་གཞི་རྣམས་རེ་རེ་བཞིན་སྒྲོགས་སྦྱང་བྱས་ཏེ། དེ་ཚོ་འདོན་དགོས་པའི་རྒྱུ་མཚན་གསལ་བཤད་གནང་སོང། སྐབས་དེར་མ་གཏོགས་ཚོགས་མི་མང་པོ་ཞིག་ལ་འོས་གཞི་གྲ་སྒྲིག་ཡང་དེ་ཙམ་མེད་པ་ལྟ་བུ་རེད་འདུག་ལ། འོས་མ་བླུགས་པའི་སྔོན་དེར་འོས་གཞིའི་ནང་དུ་སྡོད་རྒྱུ་མིན་གསུང་མཁན་ཡང་ཁག་ཅིག་བྱུང་སོང། འོས་གཞིའི་ནང་དུ་སྡོད་དགོས་པར་འབོད་སྐུལ་བྱེད་མཁན་ཡང་མང་པོ་བྱུང་སྟེ། འོས་བསྡུའི་སྐབས་དགོས་པའི་མངོན་སུམ་གྱིས་འོས་གྲངས་འགྲན་རྩོད་བྱེད་མཁན་མཐོང་རྒྱུ་མི་འདུག་མོད། མངོན་གསལ་མ་ཡིན་པའི་ཤབ་ཤུབ་ཁྲོད་ན་དབུས་རྒྱུན་སུ་ཡོང་ལ་འགྲན་རྩོད་ཡོད་པ་ཞིག་ཀྱང་མངོན་གྱི་འདུག མཐར་དབུས་རྒྱུན་༡༡ འདེམས་ཐོན་བྱུང་བའི་ནང་ཚོགས་གཙོ་དང་ཚོགས་གཞོན་དྲུང་ཆེ་བཅས་ཀྱི་འོས་མི་གཉིས་རེ་རྒྱུན་ལས་ནང་ཁུལ་ནས་བསྐོ་བཞག་གིས་དེའི་ཐོག་ཚོགས་མི་ཡོངས་ཀྱིས་འོས་བླུགས་ཏེ། བསྐོ་བཞག་བྱས་པ་དང་དམ་འབུལ་མ་བྱས་པའི་སྔོན་དེར་ཚོགས་གཙོའི་འོས་ཁོངས་སུ་ཡོད་པའི་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་ཁོང་ལ་གསལ་བཤད་ཐུང་ངུ་ཞིག་བྱེད་རྒྱུ་ཡོད། གོ་སྐབས་གནང་རོགས་ཞེས་ཚང་མར་འབོད་སྐུལ་ཞུས་སོང། སྐབས་དེར་གསལ་བཤད་བྱས་ན་སྒྲིག་གཞི་དང་མི་མཐུན་སྐོར་བརྗོད་ཡོད་ནའང། མཐར་གསལ་བཤད་དགོས་མིན་ལ་ཚོགས་མི་ཚང་མས་ལག་པ་བཀྱགས་ནས་གསལ་བཤད་མི་དགོས་པ་ཐག་གཅོད་བྱས་སོང། བསྟན་འཛིན་སྒྲོལ་མ་ལགས་ཀྱིས་གསལ་བཤད་ཀྱི་གོ་སྐབས་མ་གནང་ན་ཁོང་གིས་ད་ལྟ་དམ་འབུལ་བྱེད་རྒྱུ་མིན། རྗེས་སུ་ང་རང་གིས་ག་རེ་བྱེད་དགོས་མིན་ཐག་གཅོད་བྱེད་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་སྟེ། ཁོང་གིས་དགོང་མོ་དེར་དམ་འབུལ་གནང་མེད་པ་རེད། དེ་བཞིན་ཚོགས་གཙོ་དང་དྲུང་ཆེ་ཡང་ཚོགས་ཞུགས་ཐུབ་མེད་པ་ལས་གཞན་རྣམས་ཀྱིས་དབུས་རྒྱུན་རིང་ལས་དོན་དྲང་བདེན་ངང་ཧུར་ཐག་གནང་རྒྱུའི་དམ་བཅའ་ཕུལ་སོང།
དེ་རྗེས་ཚོགས་གཙོ་རྙིང་པ་བུ་མོ་ཚེ་རིང་ལགས་ཀྱིས་མཇུག་བསྡོམས་གསུང་བཤད་གནང་རྗེས། དབུས་རྒྱུན་གསར་རྙིང་གཉིས་ལ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ཚོས་དབུས་ཚོགས་མི་ཡོངས་ཀྱིས་འཚམས་འདྲིའི་ཁ་བཏགས་ཕུལ་བ་དང། དགའ་སྤྲོའི་ངང་གླུ་གཞས་དང་ཞབས་བྲོ་འཁྲབ་རྗེས་དགོང་མོའི་ཆུ་ཚོད་༡༡ ཙམ་ལ་གནམ་གཤིས་འགྱུར་ནས་ཆར་རླུང་ཧ་ཅང་འཚུབ་པའི་ནང་ཚོགས་འདུ་མཇུག་བསྡུས་སོང།།