ཁམས་འབའ་ཐང་སྒང་རུ་ལུང་པའི་ཛ་དྲག་གནས་སྟངས།

    རྒྱ་ཡི་དྲག་ཆས་ཉེན་རྟོག་དམག་དང༌། ཉེན་རྟོག་པ་བཅས་ཁྱོན་ ༧༠ ལྷག་ཙམ་གྲོང་ཚོའི་ནང་བསྡད་དེ་དུད་ཚང་རེ་རེ་བཞིན་བསྔོག་བཤེར་བྱེད་བཞིན་ཡོད་འདུག ཕྱི་ཟླ་ ༤ ཚེས་ ༡༤ ཡི་མཚན་མོར་ཡུལ་མི་ཚོས་དམག་མིའི་སྡོད་ཁང་མེར་བསྲེག་བཏང་བའི་གནས་ཚུལ་ཐོན་ཡང་མི་སུ་ལ་ཡང་ཤི་རྨས་བྱུང་ཡོད་པའི་གནས་ཚུལ་མི་འདུག ཡིན་ནའང་རྒྱ་དམག་གིས་ཐོག་མར་བོད་མི་ ༡༠ ཙམ་འཛིན་བཟུང་བྱས་མ་ཚར་བར་ཕྱིར་ལོག་བྱ་རྒྱུ་མིན་ཚུལ་སོགས་བཤད་བཞིན་པ་དང༌། བོད་མི་ཡོངས་རྫོགས་བསམ་པ་གཅིག་མཐུན་གྱིས་མི་སུ་ཡང་རྩིས་སྤྲོད་བྱེད་ཀྱི་མེད་པ་བཅས་ཛ་དྲག་གི་གནས་ཚུལ་མུ་མཐུད་ཐོན་བཞིན་ཡོད་འདུག
    གྲགས་པའི་ནང་དུ་ཨ་མ་ཞིག་ལས་མེད་པ་དང༌། རྡོ་དཀར་ལ་ནང་མི་ ༥ ཨ་ཚོགས་ནང་མི་ ༦ པདྨ་དབང་ཕྱུག་ནང་མི་ ༦ བཅས་ཡོད་འདུག
    གཞན་ཡང་ཕྱི་ཟླ་ ༣ ཚེས་ ༢༥།༢༦ ཉིན་གཉིས་རིང་སྡེ་དགེ་རྫོགས་ཆེན་དགོན་གྱི་ཕུར་འཆམ་སྐབས་ཡུལ་མི་ཚོས་ཝ་ཞྭ་དང་པགས་རིགས་མེར་བསྲེག་གཏོང་འཆར་ཡོད་འདུག་པ་སྔོན་ནས་གནས་ཚུལ་སྤེལ་ཟིན་པ་ལྟར། དེའི་སྐབས་ས་གནས་དེ་གའི་ཝ་ལྤགས་ཚང་མ་མེར་བསྲེག་བཏང་བ་མ་ཟད། ཕོ་སར་མང་པོས་སྦག་སྦག་ཞོན་ནས་ཤང་གི་ལས་ཁུངས་མདུན་དུ་ཀི་སྒྲ་དང་བཅས་རྔམ་སྟོན་ཤུགས་ཆེ་བྱས་འདུག་ཀྱང༌། ལས་བྱེད་པ་དང་ཉེན་རྟོག་པ་དེར་ཡོད་རྣམས་ཁང་པའི་ནང་བསྡད་པ་ལས་ཕྱིར་དོན་ཡོད་མི་འདུག། དེ་དུས་མང་ཚོགས་ ༦༠༠༠ ལྷག་འཛོམས་ཀྱི་ཡོད་སྟབས་རྒྱ་མིས་དམག་མི་ཕོན་ཆེན་བཏང་ན་གདོང་ཐུག་ཆེན་པོ་ཡོང་ངེས་ལ་དོགས་ནས་དམག་མི་འཕར་སྣོན་བྱས་མེད་ལུགས་ཡུལ་མི་ཚོས་འགྲེལ་བརྗོད་བྱེད་ཀྱི་ཡོད་འདུག་པ་དང༌། གར་འཆམ་གྲོལ་རྗེས་མང་ཚོགས་ཁ་འཐོར་ཟིན་པ་མ་ཟད། གྲྭ་པ་རྣམས་ཀྱང་ཟླ་གཉིས་ཀྱི་གུང་གསེང་བཏང་ནས་གང་སར་ཕྱིན་ཟིན་ཡོད་འདུག་ཀྱང༌། ཤང་ནས་ཡི་གེ་བཀྲམས་པ་དང༌། པགས་རིགས་མེར་བསྲེག་བཏང་བ་གཉིས་ནོར་འཁྲུལ་ཡིན་སྐོར་གྱིས་རྩད་གཅོད་བྱེད་ཀྱི་ཡིན་ཞེས་བསྒྲགས་པ་ལས་གནས་ཚུལ་གཞན་ལྷགས་ཡོད་མི་འདུག་ཅེས་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་དང་སྐལ་བཟང་རྒྱལ་མཚན་གཉིས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་སོང།།