དགོངས་དག་སྙིང་ནས་ཞུས་ན། །དགོངས་པ་དག་པ་གནང་རོགས།
འདིར་མི་ཁ་ཤས་ཤིག་ལ་དོག་པ་སྐྱེས་དོན་དེ་ཁ་གསལ་གླེང་མཁན་འདིར་མ་བྱུང་། ཕལ་མོ་ཆེས་བེ་རི་འཇིགས་མེད་པ་ལ་ཕྲག་དོག་བྱེད་ཀྱིན་འདུག་ཅེས་པ་ཙམ་རེད། བེ་རི་འཇིགས་མེད་པ་ལ་ངའི་ལྟ་སྟངས་གང་ཡོད་སྐོར་སྦ་གསང་མེད་པར་ངས་སྔོན་དུ་གསལ་བསྒྲགས་རིང་ཙམ་སྤེལ་ཡོད། བེ་རི་འཇིགས་མེད་པ་ལ་ང་དགའ་གུས་ཆེན་པོ་ཡོད། ཡིན་ན་ཡང་ཁོང་གི་རྩོམ་ཡིག་ཁག་གཅིག་ལ་ཡིག་ནོར་ཡོད་པ་དེའི་སྐོར་ལ་བསམ་བཟང་དང་ནང་ཁུལ་གྱི་གཏམ་ཙམ་དུ་དེ་ཚོ་མིག་སྟོན་བྱས་པར་ཁོང་གིས་ཤིག་སྟེང་ལ་སྟ་རེ་མི་འཕྱར་དང་ཕྲག་དོག་བྱེད་ཀྱིན་འདུག་ལྟ་བུ་ལས་ལན་ངོ་མ་སྟེར་གྱིན་མི་འདུག་པས་ཀུ་རེ་ཡན་ཆོད་དུ་ཁོང་ལ་སྙན་གཙེར་མང་པོ་ཞིག་བྱས་པ་ཡིན། དེ་མིན་ཧོར་པ་དང་ཧོར་ཁོགས་ནི་ཡུལ་དེ་དང་དེའི་ཡུལ་མིའི་མིང་ཡིན་པས་ལྷ་ས་པ་ལ་ལྷ་ས་པ་བརྗོད་ན་དམའ་འབེབས་ཡིན་ན་ག་འདྲ་བྱས་ནས་འབོད་དགོས་པ་རེད། ཡོས་དང་ཡུང་མ་ཟོས་མ་ཟོས་ཏེ་དམའ་འབེབས་ཤིག་ཡིན་སྙམ་པ་མ་བྱུང་། ང་དང་ངའི་ནང་མི་ཚོ་ཡང་ཡོས་དང་ཡུང་མ་ཟ་བ་ལ་ཧ་ཅང་དགའ། བྱང་ཁུག་གི་འབྲོག་པ་ཡོས་དང་ཡུང་མ་མེད་ས་རེ་ནས་ཡིན་ན་མ་གཏོགས་རང་རེ་བོད་མིའི་ཁྲོད་ན་ཡོས་དང་ཡུང་མ་མི་ཟ་མཁན་ཞིག་ཡོད་རྒྱུ་མ་རེད། ཧོར་སྐད་ཅེས་བརྗོད་དགོས་དོན་ནི་བེ་རི་འཇིགས་མེད་པའི་ཀ་རྩོམ་ཞིག་གི་མཇུག་ལ་ཁ་སྐད་ཁ་ཤས་ཤོར་སོང་ཞེས་དངོས་སུ་བྲིས་འདུག དེ་བཞིན་བེ་རི་འཇིགས་མེད་པའི་རྩོམ་ཡིག་འགར་ཡུལ་སྐད་བྲིས་ཡོད་པ་མཐོང་ནས་ཧོར་སྐད་བྲིས་འདུག་ཅེས་བརྗོད་པ་ཡིན། དེ་བཞིན་རྟའུ་ནས་ཏེའུ་ཕྱུག་མོ། ནས་མེད་སྒྲོ་སྟོང་ཁུར་ས། སོགས་ཀྱང་གནའ་བོའི་ཁ་མཚར་གཏམ་དཔེ་ཞིག་ངག་ལ་བྱང་བ་དེ་ཤར་མར་བརྗོད་པ་མ་གཏོགས་རྟའུ་བ་ལ་དམའ་འབེབས་ཡིན་བསམ་པ་དྲན་མེད།
གནད་དོན་གཞན་ཞིག་ཆབ་མདོའི་ཆོས་སྐྱོང་སྐོར་ཞིག་ལ་རྩོད་གླེང་བྱས་པ་དེ་རེད། དེ་དོལ་རྒྱལ་ཡིན་མིན་གྱི་དྲི་བ་དང་པོ་དེ་དངོས་གནས་ཡིན། ཡིན་ན་ཡང་ལན་འདེབས་མཁན་དེས་བཀའ་བཀྱོན་གྱི་ཟོལ་ལྟ་བུ་ཞིག་གི་ལན་བཏབ་བྱུང་བས་ཚིག་ཟུར་རྣོ་ཙམ་གྱི་ཤག་འགྱེད་བྱས་པ་རེད། དེ་ནི་ཁོང་དང་ངེད་གཉིས་ཀྱི་བར་གྱི་སྐད་ཆ་ཞིག་ལས་ཁྱེད་རྣམ་པས་སུས་ཀྱང་བདག་གིར་བཞེས་དགོས་པའི་གནད་དོན་ཞིག་མིན། འདིར་ལ་ལ་ཞིག་གི་ཆབ་མདོའི་ས་ཆའི་གནས་སྟངས་མ་ཤེས་པར་ཐོ་བ་ཆུ་རྒྱུད་ཀྱི་ཁམས་པ་དགོན་ཞེས་པ་དེ་ལ་ཡང་གླེང་འགེལ་བྱེད་ཨེ་ཐུབ་ལྟ་བ་མཐོང་སྐབས་གད་མོ་ཤོར་བ་ཞིག་ཀྱང་བྱུང་། འབྲུག་ཁམས་པ་དགོན་འདི་ཁམས་སྤྲུལ་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་དེ་རེད། དེ་མིན་ཐང་ཁའི་རི་མོ་བཀོད་སྟངས་ལས་མིའི་རྟོགས་པ་མཚོན་ཞེས་པ་དེ་ཡང་སྤྱིར་བཏང་གི་ཐང་ཁའི་སྐོར་ཞིག་ནས་གླེང་བ་མ་གཏོགས་ཆབ་མདོའི་མི་ལ་རྟོགས་པ་མེད་པས་ཁྱབ་ལྟ་བུ་གང་དུ་ཡང་ལབ་མེད། ངས་རྗེས་སུ་ཆབ་མདོ་ཆོས་སྐྱོང་ཞེས་པ་དེའི་སྐོར་ཉུང་བསྡུས་རེ་ཆབ་མདོའི་ཡིག་ཚང་ཕྱོགས་སྒྲིག་ལས་མཐོང་བྱུང་། ད་དུང་མི་ཞིག་གིས་ངའི་མིང་བེད་སྤྱད་ནས་སྐྱག་པ་ཟོ་ལྟ་བུ་རེ་ཡང་ལབ་འདུག ང་ག་ཚོད་ཐབས་སྡུག་ཀྱང་མི་ལ་སྐྱག་པ་ཟོ་ལབ་འདོད་མེད། ལ་ལ་ཞིག་གིས་གང་ཟག་གཞན་ལ་བཅངས་པའི་ཞེ་འཁོན་ངའི་སྟེང་དུ་འཇོག་ཐབས་དང་ལ་ལ་ཞིག་གིས་ཆེད་དུ་དཀྲུག་འདོད་ཀྱིས་ཡིན་ནམ་གང་ལྟར་ངའི་སྐད་ཆའི་སྟེང་དུ་ཚིག་ཟིན་ཙམ་མེད་པ་ནས་ཡོད་པ་དང་ཡོད་པ་དེ་ཆེ་རུ་བསྒྱུར་མཁན་ཅི་སྙེད་ཅིག་བྱུང་འདུག་པས་དེ་ཚོ་གསལ་བཤད་ཅིག་མ་བྱས་ན་མི་འཐུས་པར་བསམ་པ་ཡིན།
གོང་དུ་ཞུས་པ་དེ་ཚོ་རང་གི་ཀུན་སློང་གཙང་མ་ཡིན་པའི་གསལ་བཤད་ཙམ་ཡིན། ད་ནི་སྐད་ཆའི་གནད་བསྡུས་ན་འདི་གའི་དྲྭ་བདག་ལས་བྱེད་ཡོངས་དང་། དྲྭ་རྒྱ་གཅིག་གི་ནང་དུ་འཇམ་རྩུབ་བར་མའིགཏམ་གྱི་སྦྱོར་བ་ལ་ལྷན་དུ་ཞུགས་པའི་དྲྭ་གྲོགས་ཚང་མ། དེ་བཞིན་སྐད་ཡིག་གཅིག་གི་འབྲེལ་བས་བསྡུས་པའི་སྤུན་ཟླ་ྐློག་པ་པོ་རྣམས་ལ་ད་ཐེང་རྐྱེན་ངའིསྐད་ཆའི་སྟེང་ནས་བྱུང་སྟེ་ཕན་ཚུན་གཅིག་གི་གཅིག་ལ་ཚིག་རྩུབ་དང་རྫུན་བཟོ་དཀྲོག་གཏམ་གང་བྱུང་བ་དེ་དག་སྐྱོན་ལ་སྐྱོན་དུ་ཤེས་པའི་སྒོ་ནས་མཐོལ་ཞིང་བཤག་རྒྱུ་ཡིན། དེ་བཞིན་ཕྱིན་ཆད་ཀྱང་ཡུལ་ལུང་པ་སྤྱི་དང་གང་ཟག་སྒེར་གྱི་མིང་ནས་སྨྲོས་ཏེ་གཞི་མེད་སྐྱོན་བརྗོད་སོགས་ཀྱང་སྡོམ་པར་བྱེད་པའི་དམ་བཅའ་གཙང་འབུལ་ཞུ་ཆོག
ལྷ་སའི་བསང་དུད་ཀྱིས།
