ཆོས་སྐྱོང་སྲུང་མ་ཚོར་དེང་རབས་སྦྱོང་བརྡར་དགོས་ཀྱི་འདུག
རྒྱུ་མཚན་འདི་འདྲ་ཞིག་རེད། ཁ་སང་ང་ཁོང་ཚོ་དང་ལྷན་དུ་ཁ་བརྡར་དུ་སོང་བ་ཡིན། ང་དེར་འབྱོར་སྐབས། སྐུ་ཞབས་T L དང་T D གཉིས་འབྱོར་ཚར་འདུག སྐུ་ཞབས་N S་ལགས་ངའི་རྗེས་སུ་འབྱོར་སོང་། ཁོ་འབྱོར་མ་ཐག་ཝེ་ཝེ་ད་ཡིན་ན་ང་ཚོའི་སྲུང་མ་གཉན་པོ་ཚོར་སྦྱོང་བརྡར་ངེས་ཅན་ཞིག་དགོས་ཀྱི་འདུག དེ་ཡང་དེང་རབས་ཀྱི་ཚད་མཐོའི་ལག་རྩལ་ཞིག་དགོས་ཀྱི་འདུག གང་ཡིན་ཟེར་ན་ང་ཚོས་ལྷ་ཆོས་སྐྱོང་ཚོ་ཟས་བཟང་ཆང་ངར་ཀྱིས་མཆོད་མཆོད་ནས་བཞག་བཞག་པ་ལས། ཁོང་ཚོའི་ལག་ཆ་དང་ལག་རྩལ་ལ་བསམ་བློ་བཏང་མི་འདུག་ཟེར། སྐབས་དེར་ T D་ལགས་བར་ལ་འཚང་ནས་རེད་རེད། ངོ་མ་རེད། གནའ་སྔ་མོ་རྒྱ་ནག་གིས་བོད་ལ་མེ་མདའ་དང་མེ་སྒྱོགས་བརྒྱབ་ནས་ཡོང་དུས། ང་ཚོའི་མིས་འུར་རྡོ་དང་ལྷས་མདའ་གཞི་དང་ཁ་ཊཾ་བཟུང་ནས་ཕམ་ཁ་ལོན་ཡོད་པ་དྲ་ཟེར་ནས་ཚང་མ་ཧ་ཆ་དི་རེར་སོང་། དེ་ནས་སྐད་ཆ་བཤད་རེས་T L བབ་པ་འདྲ། ཁོང་གིས་ངོ་མ་རེད་དེང་སྐབས་ང་ཚོའི་ལྷ་འདི་དག་ལ་ལག་འབོམ་དང་མེ་སྒྱོགས། མེ་ཤུགས་འཕུར་མདའ། ད་དུང་མེ་མདའ་རྡེའུ་ཅི་འདོད་དུ་གཏོང་ཆོག་པ་འདི་ཚོ་ཕྱག་མཚན་བྱེད་དགོས་ཀྱི་འདུག་ཟེར། སྐབས་འདིར་NS ཀྱིས་ད་དུང་དེའི་ག་ལ་ཚད། ངའི་བསམ་ཚུལ་ཆ་ཚང་བཤད་ན་ཁོང་ཚོའི་བཞོན་པ་ཡང་བརྗེ་བོ་རྒྱག་དགོས་ཀྱི་འདུག ཁྱེད་ཚོས་ལྟོས་དང་དེང་སྐབས་ཀྱི་གནམ་གྲུ་དང་མེ་འཁོར། འཕྲུལ་རྟ་འདི་ཚོའི་རྗེས་ལ་རྟ་དྲེལ་བརྒྱུགས་ནས་ག་ལ་ཆོད། ད་དུང་ང་ཚོས་ལྷ་ལ་ཆང་རྒོད་ཁོ་ན་མཆོད་བསྡད་པ་ལ་ལྟོས་དང་། ཉེ་ཆར་གནས་ཆུང་སྤྱན་འདྲེན་བྱེད་དུས་ར་བཟི་ནས་དགེ་འདུན་པ་ཚོས་གཡས་གཡོན་ནས་བསྐྱོར་ནས་ཡོང་དགོས་ཀྱི་འདུག་ཨ། ཁ་ཆེའི་འཇིགས་བསྐུལ་བ་ཚོ་ནམ་སླེབ་སུས་ཧ་གོ ང་ཚོའི་ཆོས་སྐྱོང་ཚོ་འདི་ལྟར་ར་བཟི་བསྡད་ན་ཞབས་འདྲེན་ཞུ་བ་རང་རེད། TL ལགས་ཀྱིས་དེ་ན་ཁོ་ཚོར་ཆང་གཅད་འཇུགས་དགོས་ཀྱི་འདུག TD ཆང་བཅད་པས་ཕན་ཨེ་ཐོག ཡང་ཁོང་ཚོས་ཐ་མ་འཐེན་སྲིད་ཀྱི་རེད་ལ་ཁ་ནེ་ཡང་ཟ་སྲིད་ཀྱི་རེད། TLདེས་གང་ཡང་བྱེད་ཀྱི་མ་རེད་ར་བཟི་གི་མ་རེད་པ། ཨ་ལ། ཉེ་ཆར་རྣམ་གྲོལ་གླིང་དུ་སློབ་དཔོན་རིན་པོ་ཆེ་ཡང་བཤུམ་ནས་བཞུགས་འདུག་ཟེར། ཅིག་བྱས་ན་ཁོང་གིས་གནའ་སྔ་མོ་དམ་ལ་བཞག་པའི་སྲུང་མ་ཚོས་དེང་རབས་ཀྱི་རྗེས་ཟིན་གྱི་མེད་ཙང་ཐུགས་སྐྱོ་བ་ཡིན་གྱི་རེད། སྐབས་འདིར་TLཀྱིས་དེ་ངོ་མ་ཡིན་ནམ། ཁེ་མཚར་རེད། ང་གཏན་ནས་ཡིད་ཆེས་ཐུབ་ཀྱི་མི་འདུག་ཟེར། NSཀྱིས་ཐུགས་སྐྱོ་བ་ཡིན་དང་ཁྲོ་བ་ཡིན་མི་ཤེས་མོད། གང་ལྟར་འགྱུར་བ་ཕྱིན་འདུག ཁོང་གི་སྔ་རྗེས་ཀྱི་འདྲ་པར་གཉིས་གཤིབས་ནས་བལྟས་ན་ཤེས་ཀྱི་འདུག ད་དུང་སྟོན་པའི་སྤྱན་ཟུམ་ནས་བཞུགས་པའི་འདྲ་པར་ཡང་གྲྭ་པ་ཚོར་མང་པོ་འདུག དེ་ངོ་མ་ཡ་མཚན་པོ་ཞིག་རེད། ངས་ཞིབ་འཇུག་བྱས་པ་ཡིན། ཁེ་མཚར་ཞིག་རེད་ཟེར། སྐབས་དེར་འགྲམ་ནས་མི་རྒན་ཞིག་གིས་བུ་མོ་བདེ་སྐྱིད་ཇ་བླུགས་དང་ཟེར། ཕར་བལྟས་ན་ཁོང་ནི་བར་འཁྱམས་པ་ཚོའི་ཇའི་སྦྱིན་བདག་ཡིན་པ་འདྲ་ཇ་རིན་ཚང་མ་ཁོས་སྤྲད་ཀྱི་འདུག་མོད་ཉན་ནས་འདུག་པ་ལས་ཁ་བརྡ་བྱེད་ཀྱི་མི་འདུག NSཡིས་དེ་རིང་ཡང་གྲུང་ཀོའི་བོད་ལྗོངས་དྲ་བའི་ནང་བོད་ལྗོངས་ཉིན་རེའི་ཚགས་པར་ཀྱི་རྩོམ་སྒྲིག་པས་ཡུན་རིང་བདེ་འཁོད་ཐད་སྲིད་ཇུས་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས་་ཞེས་པའི་དཔྱད་གཏམ་ཞིག་སྤེལ་འདུག ངོ་མ་རྒྱ་ནག་གིས་ཉིན་རེ་ཉིན་རེ་བྱས་ནས་འདི་ལྟར་བརྗོད་ཀྱི་ཡོད་པ་རེད་མོད་ང་ཚོའི་ནང་ནས་འདི་ལྟར་ལན་རྒྱག་ཐུབ་མཁན་དཀོན་མོ་རེད་འདུག བོད་ཀྱི་དུས་བབ་དང་བོད་ཀྱི་བང་ཆེན་གང་དུ་ཡང་འདི་འདྲ་ལ་ལན་འབྲི་མཁན་ནི་མི་འདུག མི་དགོས་ས་ནང་ཁུལ་ནས་ཕན་ཚུན་ཁ་རྡུང་ཚིག་རྡུང་འདྲ་བོ་དང་། གཡབ་རབས་བཏང་རབས་དེ་འདྲ་ངོ་ཚ་རྒྱུ་མེད་པ་རྐྱང་རྐྱང་རེད་ཟེར་ན་མི་ཆོག་པ་ཨེ་ཡོད་བསམ་པ་རེ་བྲིས་ནས་སྐྱིད་ཐག་ཆོད་འདུག འདི་ཚོ་ང་ཚོ་ཆབ་སྲིད་བཙལ་བྱོལ་བ་ཞིག་གི་ངོས་ནས་ངོ་གནོང་དགོས་པ་ཞིག་མ་རེད་པས་ཟེར་བཞིན་ཁོང་ཚོའི་བགྲོ་གླེང་བོད་དོན་དང་འབྲེལ་བའི་བརྗོད་བྱར་གྱུར་སོང་། ངས་ཚང་མ་ཟིན་བྲིས་ནང་ཕབ་འདོད་ན་ཡང་ཡར་རང་ཤགས་སུ་འབྱོར་སྐབས་ཁོང་ཚོའི་དགོད་སྤྲོ་བ་དང་རྒྱུ་མཚན་ལྡན་པའི་གླེང་བྱ་མང་པོ་ཞིག་བརྗེད་ངན་གྱི་རྐུན་པོས་ཕྲོགས་ཚར་འདུག འོན་ཀྱང་འདིར་ཚིག་ཁ་ཤས་ཟིན་བྲིས་སུ་བཀོད་འདོད་ཀྱིས་བྲིས་པ་ཡིན།
