རྒྱ་གར་གྱི་སྲིད་བློན་ལ་ལྷམ་གཡུགས་འདུག
དེ་མ་ཐག་ཉེན་རྟོག་པ་དང་སྲིད་བློན་གྱི་སྐུ་སྲུང་བ་ཚོས་སློབ་མ་དེ་འཇུ་བཟུང་བྱས་ཡོད་ཀྱང༌། སྲིད་བློན་མཆོག་གིས་གསུང་བཤད་ཚར་བ་དང་ཆེད་དུ་མི་བཏང་ནས། ལྷམ་གཡུག་མཁན་ཕོ་གསར་ལོ་གཞོན་དེ་ཉེན་རྟོག་ལས་ཁུངས་སུ་ཁྲིད་ནས་ཐོ་འགོད་སོགས་བྱེད་བཅུག་འདོད་མེད་ཚུལ་གསུངས་ཡོད་པ་རེད།
ལྷམ་གཡུགས་པའི་དོན་རྐྱེན་ལ་འགྲེལ་བཤད་སྣ་ཚོགས་རྒྱག་མཁན་བྱུང་ཡོད་པའི་ནང༌། མང་ཆེ་བས་གྷུ་ཇི་ར་ཏིའི་མངའ་སྡེའི་ནང་བྷི་ཇི་བྷིའི་ཆབ་སྲིད་ཚོགས་པ་ཧ་ཅང་ཤུགས་ཆེན་པོ་ཡིན་པས། སློབ་མ་ལྷམ་གཡུག་མཁན་དེར་བྷི་ཇི་བྷིའི་ཆབ་སྲིད་ཚོགས་པས་མཐུན་རྐྱེན་སྦྱར་ནས་བཏང་ཡོད་པ་རེད་ཅེས་བརྗོད་ཀྱི་ཡོད་པ་རེད། དེ་བཞིན་མངའ་སྡེ་དེའི་བློན་ཆེན་ཡང་བྷི་ཇི་བྷིའི་ཆབ་སྲིད་ཚོགས་པའི་མི་སྣ་གལ་ཆེ་ཤོས་ཤིག་ཡིན་པ་ཟད། བྷི་ཇི་བྷིའི་ཆབ་སྲིད་ཚོགས་པའི་རྒྱབ་སྐྱོར་བ་མང་ཆེ་བ་མངའ་སྡེ་དེའི་ནང་ཡོད་པ་རེད།
སྤྱིའི་ཆ་ནས་ཨི་རག་ཏུ་ཨ་རིའི་སྲིད་འཛིན་ཟུར་པ་བྷུ་ཤི་ལ་གསར་འགོད་པ་ཞིག་གིས་ལྷམ་གཞུས་པ་ནས་བཟུང༌། ཆབ་སྲིད་མི་སྣ་ཁག་ལ་ངོ་རྒོལ་གྱི་རྣམ་འགྱུར་སྟོན་སྐབས་ལྷམ་གཡུགས་སྲོལ་ཆགས་པ་ལྟ་བུ་ཞིག་རེད། ཉེ་དུས་བྱུང་བའི་རྒྱ་གར་གྱི་གནས་ཚུལ་ཁོ་ནར་ཆ་མཚོན་ན། རྒྱ་གར་གྱི་ནང་སྲིད་བློན་ཆེན་པི་ཆི་དཱན་བྷ་རམ་དང་བྷི་ཇི་བྷིའི་སྲིད་བློན་འོས་གཞི་ནང་ཡོད་པའི་ཨ་དི་ཝ་ནི། དེ་རིང་གི་སྲིད་བློན་ལས་ཐོག་པ་བཅས་ཆབ་སྲིད་མི་སྣ་གལ་ཆེན་གྱི་རིགས་ཤ་སྟག་ཡིན་པ་རེད།།