བུ་མོ་ལོ་བཅུ་གཉིས་ཅན་ཞིག་ལ་ཕྲུ་གུ་སྐྱེས་འདུག
ཟླ་འདིའི་ཚེས་༢༧ གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། དབྱིན་ཡུལ་དུ་རང་ལོ་༡༢ ལ་སོན་པའི་བུ་མོ་ཞིག་ལ་ཕྲུག་གུ་བུ་གཅིག་སྐྱེས་ཡོད་པ་དེ། འཛམ་གླིང་ནང་ཨ་མ་ལོ་ན་ཆུང་ཤོས་ཀྱི་གྲས་ཆགས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
བུ་མོ་རང་ལོ་༡༢ ལས་སོན་མེད་པས་མངལ་དུ་ཕྲུག་གུ་སྦྲུམ་ཡོད་མེད་ཤེས་མེད་པ་དང༌། བུ་མོས་རང་ཉིད་དང་ཐེངས་གཅིག་འབྲེལ་བ་བྱུང་བའི་བུ་དེའང་ཕྲུ་གུའི་ཨ་ཕ་ཡིན་མིན་གྱི་གནས་ཚུལ་གསལ་པོ་བཤད་ཐུབ་མེད་པ་རེད། བུ་མོའི་ནང་མིས་ཕྲུ་གུ་ཨ་ཕ་སུ་ཡིན་མིན་བརྩད་གཅོད་ཐུབ་ཡོད་ན་ཡང༌། དབྱིན་ཡུལ་གྱི་སྤྱི་ཚོགས་ཞབས་ཞུ་ཚོགས་པས་རོགས་པ་མ་བྱས་ན་ལོ་ན་ཆུང་བའི་ཕྲུ་གུ་གཉིས་ཀྱི་འཚོ་བ་འཁྱོལ་ཁག་པོ་རེད་ཅེས་གསར་འགོད་པར་བརྗོད་ཡོད་པ་རེད།
སྤྱི་འཛམ་གླིང་ནང་ཕྲུ་གུ་ལོ་ན་གཞོན་ཤོས་ལ་མངལ་སྦྲུམ་མཁན་མང་ཤོས་དབྱིན་ཡུལ་ཆགས་ཡོད་པ་དང༌། བུ་དང་བུ་མོ་གཉིས་ཀྱི་ལོ་ཚོད་འདྲ་མཉམ་ཡིན་ན་ཁྲིམས་ཐོག་ནས་ཉེས་ཆད་སོགས་གཅོད་སྲོལ་མེད་ནའང༌། ལོ་ལ་ཁྱད་པར་ཅུང་ཟད་ཡོད་ན་ཕྲུ་གུར་བཙན་གཡེམ་བྱས་པའི་ནག་ཉེས་འཛུགས་ཆོག་གི་ཡོད་པས། དབྱིན་ཡུལ་དུ་བུ་ལོ་ན་ཆུང་ཆུང་ཁྲིམས་ཐོག་ཏུ་འགྲོ་མཁན་ཧ་ཅང་མང་པོ་ཡོད་པ་རེད།