གཞོན་ནུ་མའི་ཚེ་སྲོག་གི་འབོད་སྒྲ།

དེ་མིན་དབུས་བུད་མེད་ལྷན་ཚོགས་ནས་ཀྱང་ཡུལ་གྱར་བུད་མེད་ཕྲོད་དུ་ནུས་ཤུགས་སྤེལ་ཐབས་ཀྱི་ཟབ་སྦྱོང་ཐེངས་འགར་གོ་སྒྲིག་གནང་ཞིང་། གཞུང་གི་སྡེ་ཚན་ཁག་ཏུ་གནད་ཡོད་ལས་གནས་སུ་བུད་མེད་གང་མང་ཡོང་ཐབས། སྐྱེས་པ་ཚོ་དང་དཔུང་པ་མཉམ་གཤིབ་ཀྱི་ལས་དོན་སྣ་མང་འགྲུབ་ཐབས་སོགས་བོད་ཡུལ་གྱར་དུ་མ་ཡུམ་ཚོས་མ་འོངས་པར་རང་ངོས་ནས་རང་དབང་དང་ནུས་ཤུགས་བསྐྱེད་བསྲིང་ཐོག་མདུན་སྙེག་གི་ལམ་བུར་ཆས་ཟིན། དེ་བཞིན་སྡོན་ནས་འགྲེམས་སྤེལ་བྱེད་བཞིན་པའི་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་བུད་མེད་ཀྱི་གཙོ་དོན་དང་འབྲེལ་བའི་གཡུ་མཚོ་དུས་དེབ། བཙུན་དགོན་སྒྲོན་མ་གླིང་གི་ཐེའུ་གསར།དབུས་བུད་མེད་ལྷན་ཚོགས་ཀྱི་དབྱིན་བོད་གཉིས་ཀྱི་ཐོག་ནས་རྩིག་ཡིག་སྤེལ་བའི་སྒྲོན་མ་དུས་དེབ་བཅས་ནི་ཡུལ་གྱར་བུད་མེད་ཚོས་རང་གི་གནས་ཚུལ་འཆད་སའི་ཆེད་གཉེར་གྱི་སྡེངས་ཆ་ཞིག་ཡིན་། ཉེ་དུས་ཝ་ན་ས་གནས་སློབ་ཕྲུག་བུད་མེད་ཚོགས་པས་རྩོམ་སྒྲིག་དང་དཔར་འགྲེམས་བྱས་པའི་བུད་མེད་རྩོམ་པ་མོ་ཚོའི་འཚོལ་སྙེག་གསར་དེབ་བཅས་བྱུང་ཡོད་ཅིང༌། བུད་མེད་ཀྱི་ལས་ དོན་ཐད་རྟོག་དཔྱོད་དང་ཡར་རྒྱས་ཀྱི་གོམས་ཁ་བསྒྱུར་བཞིན་པའི་ཡུལ་གྱར་མ་ཡུམ་ཚོའི་བསྐལ་བཟང་གི་དུས་འདིར་། བཟོད་མ་ཐུབ་པའི་ཕ་སའི་སྤུན་ཟླ་རྣམས་ཀྱི་སྐྱོ་གནས་གཅིག་རྗེས་གཉིས་མཐུད་ཀྱིས་སེམས་ཀྱི་ཟབ་སར་ཐིམས་ཡོང་བ་མ་ཟད། སྤུན་ཟླ་ཚོའི་སྙིང་སྟོབས་དང་སེམས་ཤུགས་ཀྱིས་བསླང་བའི་ཁྲག་དང་དཔའ་ངར་གྱིས་འབོད་སྒྲ་སྒྲོག་བཞིན་པ་དེ་དག་རེད། ན་ནིང་གསུམ་བཅུ་དུས་དྲན་ནས་བཟུང་རྒྱ་དམར་དྲག་པོའི་གཞུང་གིས་བོད་ཆོས་ལྡན་གྱི་ཞིང་ཁམས་འདི་དམྱལ་ཁམས་དངོས་དེ་མི་ཡུལ་དུ་འཕོས་འདྲ་ཟོས་ཡོད་པ་དང༌། དེའི་ནང་དུ་བོད་ཀྱི་མ་ཡུམ་ཚོའང་གཅིག་མཚུངས་ཀྱིས་དྲག་པོས་རྡུང་རྡེག་བསམ་གྱི་མི་ཁྱབ་པ་ཕོག་ཡོད་ལ།བཙུན་མ་སྡེ་ཚོགས་བྱས་ཏེ་བཙོན་དུང་མུན་ནག་གིི་སྡུག་བསྔལ་མྱང་དགོས་བྱུང་བ་དང༌། དེའི་ནང་དུ་བུད་མེད་རྩོམ་པ་པོ་དང་གཞས་མ། དེ་མིན་གཞོན་ནུ་སློབ་མ་སོགས་ཡོད་པ་རེད། དམིགས་བསལ་དུ་བུད་མེད་མང་པོ་དམར་བསད་དང་ཁྲིམས་ཆད་ལྕི་མོ་བཅད་ཡོད་ཅིང༌། ཉེ་སྔོན་གཅིག་པུར་མཚོན་ན་དགོང་ལོ་ཉེར་གཅིག་ཡིན་པའི་བུ་མོ་ཕུན་ སྐྱིད་ལ་ལོ་གཉིས་ཕྱི་འགྱང་གིས་སྲོག་ཁྲིམས་བཅད་ཡོད་པ་དང་།དགོང་ལོ་ཉི་ཤུ་ཡིན་པའི་བུ་མོ་འཆི་མེད་ལྷ་མོར་ལོ་བཅུའི་ཁྲིམས་བཅད། དེ་བཞིན་དགོང་ལོ་ཉེར་གསུམ་གྱི་བུ་མོ་ཕུན་སྐྱིད་གཞན་ཞིག་ལའང་ཚེ་བཙོན་གྱི་ཁྲིམས་ཐག་ལྕི་མོ་བཅད་དེ་གཞོན་ནུ་མ་དེ་དག་གི་མི་ཚེའི་མེ་ཏོག་བཞད་ཁ་ཕྱེ་བ་ལྟ་བུའི་དུས་ཚོད་དེ་བཙོན་དུང་མུན་ནག་ཏུ་འཚོ་དགོས་བྱུང་བ་ནི་ཡོངས་རྫོགས་དམར་གཞུང་དྲག་གཅོད་པའི་སྲིན་པོའི་ལས་སྒོ་སྤེལ་ནས་བྱུང་བ་ཞིག་རེད། བུ་མོ་དེ་དག་ལ་མཚོན་ན་མ་འོངས་མི་ཚེའི་མདུན་ལམ་གཞི་ནས་འགོ་གཟུག་རྒྱུ་དང༌། ད་ཆ་ལང་མཚོ་སྨིན་བཞིན་པའི་དུས་བཟང་ཞིག་ཡིན་པ་མ་ཟད། མི་ཚེའི་མདུན་ལམ་ཡང་སྟོང་ཅ་ལྟར་ཡིན། འདི་ལྟར་བོད་ཀྱི་བདེ་དོན་ཆེད་དཔའ་ངར་དང་བློ་སྟོབས་ཆེར་བསྐྱེད་ཀྱིས་བུད་མེད་ཅིག་གི་ཡོངས་རྫོགས་བློས་བཏང་ཚར་བ་རེད། ཕ་སའི་སྐྱོ་གནས་ཐོས་སྐབས། རང་དབང་གི་ཁ་དབུགས་རྔུབ་བཞིན་པའི་ཡུལ་གྱར་བོད་ཀྱི་བུད་མེད་ཚོ། ཕ་སའི་སྐྱོ་ངལ་གྱི་གནད་དོན་གཅིག་རྗེས་གཉིས་མཐུད་ཀྱི་ཐོན་བཞིན་པའི་ཛ་དྲག་གི་དུས་འདིར་། བོད་མི་ཞིག་ཡིན་པའི་ཆ་ནས་གནས་སྟངས་གང་འདྲ་ཞིག་ཡིན་ཡང༌། གཞིས་བཞུགས་སྤུན་ཟླ་ཚོས་ང་ཚོར་རྟག་ཏུ་བདེན་དོན་གྱི་ཆེད་དུ་ནམ་ཡང་བརྩོན་འགྲུས་བློས་བཏང་བྱེད་རྒྱུ་མེད་པའི་བརྡ་ལེན་སྤྲོད་བཞིན་ཡོད། དེའི་ནང་བཙན་བྱོལ་ཡུལ་དུ་རང་དབང་དང་བག་འཕེལ་བའི་ངང་ནས་འཚོ་བཞིན་པའི་བོད་ཀྱི་བུད་མེད་ཚོ། འཁྱམ་མྱུལ་དང་རྣམ་གཡེང་གིས་མི་ཚེ་ཆོད་ཐབས་ཙམ་གྱིས་འཚོ་བཞིན་པའི་བུད་མེད་ཚོ། ཕ་སའི་གཞོན་ནུ་མ་དེ་དག་གི་འབོད་སྒྲ་ཐོས་ཐེངས་རེར། ང་ཚོ་མི་རེ་ངོ་རེ་ནས་བོད་ཀྱི་རྩ་དོན་དང་རང་དབང་གི་བདེ་དོན་ཕྱིར་དོན་ཕན་རེ་ཡོང་ཐབས་དང༌། ཉུང་མཐའ་ཡང་བོད་མི་ཡུལ་གྱར་སྤྱི་ཚོགས་ཀྱི་ས་ཁུལ་གང་དུ་ཡིན་ཡང་རང་གཞན་གཉིས་ཕུང་གི་ལས་ངན་སུ་མི་འཇུག་རྒྱུ་དམ་བཅའ་བརྟེན་པོ་རེ་དགོས་པ་ནི་ཇི་འདྲའི་དོན་སྙིང་ལྡན་པའི་བཟང་སྤྱོད་ཅིག་རེད་ཨང༌། སླད་ཀྱང་མ་འོངས་པར་གཞིགས་བཞུགས་བོད་ཀྱི་ཕུལ་བྱུང་མ་དེ་དག་གིས་རང་དབང་དང་བདེ་དོན་ཕྱིར་རང་གི་ཡོངས་རྫོགས་ལེགས་སྐྱེས་འབུལ་བའི་གངས་ཅན་པའི་ དཔའ་བོ་དང་དཔའ་མོ་དེ་དག་སེམས་ཀྱི་ཟབ་སར་ཉར་དགོས་པ་དང༌། ཁོང་ཚོས་གནམ་ས་དཀྲོག་ཀྱང་སྲིད་པའི་འབོད་སྒྲ་དེ་དག་རྟག་ཏུ་ཡིད་དུ་བཅངས་ནས་བཅན་བྱོལ་བུད་མེད་ཚོས་ཀྱང་གང་ཅིའི་ཐད་ལ་ཡར་རྒྱས་ཀྱི་གོམས་ཞག་རེ་སྤོ་ཐུབ་པའི་རེ་བ་དང་འདུན་པ་མ་ལྷོད་པ་གནང་བའི་རེ་སྨོན་བཅས།།