ཤར་གླིང་ཨེ་ཤ་ཡར་ཞི་བདེ་ལྷིང་འཇགས་ཡོང་སྲིད་ཟེར།

    པཱ་ཀི་སི་ཐན་གྱི་བྱང་ཤར་ས་ཁུལ་དུ་གནས་སྡོད་བྱེད་བཞིན་ཡོད་པའི་ཏ་ལིན་བྷན་འཇིགས་སྐུལ་རིང་ལུགས་པ་ལ། པཱ་ཀི་སི་ཐན་དབུས་དམག་དཔུང་ཁང་ནས་དམག་འཐབ་མ་བྱས་པའི་སྔོན་དུ། ཡུལ་མི་སྟོང་ཕྲག་མང་པོ་གློ་བུར་དུ་ས་ཁུལ་གཞན་ལ་སྐྱབས་བཅོལ་དུ་འགྲོ་དགོས་པའི་སྔོན་བརྡ་བཏང་བ་དང༌། ཡུལ་མི་མང་པོས་ཤུལ་དུ་ཁང་ཁྱིམ་དང་ཕ་མེས་ཡང་མེས་ནས་བརྒྱུད་པའི་དངོས་པོ་རིན་ཐང་ཅན་རྣམས་དོར་ཏེ། རང་སྲོག་ཐར་ཆེད་དུ་ཉིན་གཅིག་ནང་བྲོས་བྱོལ་གྱི་ཟིང་ཆ་ལངས་ནས། གཞུང་གིས་གོ་སྒྲིག་བྱས་པའི་སྐྱོབ་གསོ་ཁོ་ན་ལ་བརྟེན་ནས་བསྡད་ཡོད་པ་རེད།
    པཱ་ཀི་སི་ཐན་གྱི་གཞུང་དམག་གིས་གནམ་ས་གཉིས་ནས་འཇིགས་སྐུལ་རིང་ལུགས་པ་དང་གཡུལ་འགྱེད་བྱས་ཏེ། ཏ་ལིན་བྷན་གྱི་དམག་མི་གྲངས་༧༠༠ ཙམ་བསད་ཡོད་པ་དང༌། ད་དུང་ཡང་ས་ཁུལ་དེ་ནས་འཇིགས་སྐུལ་རིང་ལུགས་པ་རྩ་མེད་གཏོང་ཆེད་དུ་གཞུང་གི་དམག་དཔུང་རྣམས་ཕྱིར་འཐེན་བྱས་མེད་པ་རེད། པཱ་ཀི་སི་ཐན་གྱི་སྲིད་འཛིན་ཨ་རིའི་སྲིད་འཛིན་དང་མཇལ་འཕྲད་གྲུབ་ནས་དབྱིན་ཇིའི་སྲིད་བློན་དང་མཇལ་འཕྲད་བྱེད་རྒྱུ་ཡིན་པ་དང༌། ཁོང་གི་ལས་དོན་གཙོ་བོ་ནི་འཇིགས་སྐུལ་རིང་ལུགས་པ་རྩ་མེད་གཏོང་བར་རྒྱབ་སྐྱོར་འཚོལ་ཆེད་དུ་ཡིན་པ་རེད།
    དེ་བཞིན་ཤྲཱི་ལངྐའི་སྟག་གྱེན་ལངས་ཚོགས་པས་བཙན་ས་བཟུང་ཡོད་པ་རྣམས། མང་ཆེ་བ་དབུས་གཞུང་གི་དམག་དཔུང་གིས་བཟུང་ཚར་ཡོད་རུང༌། ཡུལ་མི་བརྒྱ་ཕྲག་མང་པོའི་ཚེ་སྲོག་ཤོར་ཡོད་པ་དང་ལྟོ་ཆས་དང་ཁང་ཁྱིམ་མེད་མཁན་སྟོང་ཕྲག་མང་པོ་ཆགས་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཤྲཱི་ལངྐའི་གཞུང་ལ་གནས་སྐབས་དམག་མཚམས་འཇོག་དགོས་པའི་སྔོན་བརྡ་བཏང་ཡོད་པ་རེད།
    གསར་འགྱུར་དབྱེ་ཞིབ་པ་ཚོས་གལ་སྲིད་པཱ་ཀི་སི་ཐན་གཞུང་དང་ཤྲཱི་ལངྐའི་གཞུང་གཉིས་ཀྱིས། རང་རང་གི་ས་ཁུལ་ཁག་ཏུ་ཁྲིམས་འགལ་བྱས་ནས་གནས་སྡོད་བྱེད་བཞིན་ཡོད་པའི་ཏ་ལིན་བྷན་འཇིགས་སྐུལ་རིང་ལུགས་པ་དང༌། སྟག་གྱེན་ལངས་ཚོགས་པའི་འཇབ་རྒོལ་དམག་དཔུང་གཉིས་འགོ་རྟིང་སློག་ཐུབ་ན། ཤར་ལྷོ་ཨེ་ཤ་ཡར་ཞི་བདེ་ལྷིང་འཇགས་ཡོང་སྲིད་པའི་བསམ་ཚུལ་ཁྱབ་བསྒྲགས་བྱས་ཡོད་པ་རེད།
    ནུབ་ཕྱོགས་རྒྱལ་ཁབ་ཚོས་པཱ་ཀི་སི་ཐན་གཞུང་འཇིགས་སྐུལ་རིང་ལུགས་པས་དབང་བསྒྱུར་བྱེད་སྲིད་པའི་འཛམ་གླིང་གི་ཞེད་སྣང་དེ་རིམ་གྱིས་མེད་པ་ཆགས་བཞིན་ཡོད་པ་དང༌། པཱ་ཀི་སི་ཐན་གྱི་སྲིད་འཛིན་ངོས་ནས་ཉི་ཧོང་དང་ཨ་རི་སོགས་ནས་རོགས་རམ་གྱི་དངུལ་འབོར་བླངས་ནས་ཁས་ལེན་བྱས་ཟིན་པ་རྣམས། དེང་སྐབས་མངོན་དུ་འགྱུར་བཞིན་ཡོད་པས་འདི་ནི་འཛམ་གླིང་གི་རྒྱལ་ཁབ་ཚང་མས་པཱ་ཀི་སི་ཐན་གཞུང་ལ་རྒྱབ་སྐྱོར་བྱེད་འོས་པའི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་རེད་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།།