ནམ་ཡང་མི་ནུབ་པའི་སྐར་མ་འོད་ཆེན།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༨༤ ཕྱི་ལོ་ ༢༠༡༤/༤/༢
ཉེ་ཆར་སྐུ་གཤེགས་པ་འབའ་པ་ཕུན་ཚོགས་དབང་རྒྱལ་ནི་བོད་མི་རིགས་ཀྱི་དོན་དུ་ལངས་ཕྱོགས་དང་དམ་བཅའ་བརྟན་པོ་བཟུང་ནས་སྐུ་ཚེ་གང་ལ་འབད་བརྩོན་གནང་མཁན་གྱི་ཕུལ་བྱུང་རྒྱལ་གཅེས་པ་ཞིག་དང། དངོས་སྟོབས་རིག་པ་ལ་བརྟེན་ནས་ལྐོག་གྱུར་གྱི་གནས་མང་པོ་ཞིག་ཀྱང་གསར་རྟོགས་བྱུང་བའི་མཁས་པའི་དབང་པོ་ཞིག་ཀྱང་རེད། ཁོང་ལྟ་བུའི་གལ་ཆེའི་མི་སྣ་ཞིག་ཚེ་ཕྱི་མར་ཕྱིན་པ་ནི་བོད་མི་རིགས་ཀྱི་གྱོང་གུད་ཅིག་ཡིན། འོན་ཀྱང་འཇིག་རྟེན་འདིར་མཐོ་མཐའ་དམའ་ཞིང། སྐྱེས་མཐའ་འཆི་བ། བསགས་ མཐའ་འཛད་པ། བརྩེགས་མཐའ་འགྱེལ་བ་སྟེ་འཇིག་རྟེན་མཐའ་བཞིས་མ་བསྡུས་པ་གང་ཡང་མེད་པ་ནི་མཐོ་དམན་བར་གསུམ་སྤྱི་མཚུངས་སུ་ཡོད་པའི་ཆོས་ཉིད་ཅིག་ཡིན། འོན་ཀྱང་གསོན་པའི་རིང་སྐྱེ་འགྲོ་སྤྱི་དང་བྱེ་བྲག་རང་གི་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ནུས་ཤུགས་བཏོན་ནས་དཀའ་སྤྱད་འབད་བརྩོན་བྱས་པ་ནི་མི་རབས་རྗེས་མ་ཚོའི་སེམས་ནས་བརྗེད་མི་རུང་བ་ཞིག་ཏུ་གྱུར་ཡོད།
དཔེར་ན་ཕུན་དབང་ནི་མནར་གཅོད་དང་གཉའ་ནོན་ཁོ་ནའི་འོག་ནས་མི་ཚེ་འདས་པ་ཞིག་ཏུ་གྱུར་ཡོད་ལ། ཆུང་དུས་ཕ་ཡུལ་འབའ་ཐང་དུ་སྡོད་སྐབས་གོ་མིན་ཏང་གི་བོད་མི་ལ་ཐུབ་ཚོད་གཏོང་བཞིན་ཡོད། དེ་ནི་ཁོང་གི་མི་ཚེའི་ནང་མི་རིགས་ཀྱི་ལར་ཞེན་ཐོག་མ་འབུས་པའི་རྒྱུ་ལྟ་བུར་གྱུར་ཡོད་ཅིང། དེ་རྗེས་རྒྱ་ནག་ཏུ་སློབ་སྦྱོང་བྱེད་སྐབས་ཀྱང་དམར་ཤོག་དང་འབྲེལ་བ་ཡོད་པར་བསྙད་དེ་སློབ་གྲྭ་ནས་ཕུད་ཅིང་ཉེན་གཡོལ་དུ་འགྲོ་དགོས་བྱུང། བོད་དུ་སླེབས་སྐབས་ཆབ་སྲིད་ལམ་ལུགས་ལ་འགྱུར་བ་ཆེན་པོ་ཞིག་གཏོང་དགོས་པ་ཁ་ཚ་དགོས་གཏུག་ཏུ་མཐོང་ཡང། དེ་ལ་རྒྱབ་སྐྱོར་བྱེད་པའི་མི་སྣ་གནད་ཡོད་མ་བྱུང་བ་མ་ཟད། ཐ་ན་ལྷ་ས་ནས་སྡོད་དུའང་མ་བཅུག་པར་ཕྱིར་འཕུད་བྱས། རྒྱ་དམར་བོད་ལ་ཐོག་མ་འབྱོར་སྐབས་ཞི་འཇམ་གྱི་རྣམ་འགྱུར་དང་བྱེད་སྟངས་ཀྱིས་ཕུན་དབང་གི་སེམས་བཀུག་ཡོད་པ་མ་ཟད། དེ་ནི་བོད་ལ་བསྒྱུར་བཅོས་ཡག་པོ་ཞིག་བྱེད་པའི་གོ་སྐབས་ཉག་གཅིག་ཏུ་མཐོང་ནས་དམར་ཤོག་གི་དམག་དཔུང་དང་མཉམ་བོད་ལ་སླེབས་པ་རེད།
དོན་ཚན་༡༧ བཞག་པའི་སྔ་རྗེས་སུ་ཕུན་དབང་བོད་དང་རྒྱ་དམར་གཞུང་གཉིས་ཀའི་ཕྱོགས་ནས་གལ་ཆེའི་མི་སྣ་ཞིག་ཏུ་བརྩིས་པ་དང། ཁོང་གིས་ཀྱང་དེའི་ཐད་འབད་བརྩོན་གང་མང་ཞིག་བྱས་པའང་ལོ་རྒྱུས་ཐོག་གསལ་པོ་གྱུར་ཡོད། དེ་བཞིན་༧གོང་ས་མཆོག་རྒྱ་ནག་ཏུ་ཆིབས་བསྒྱུར་སྐབས་གསུང་བསྒྱུར་དང་མཉམ་བཅར་གྱི་གོ་སྐབས་བྱུང་བ་སོགས། ཕུན་དབང་གི་ལོ་རྒྱུས་ནང་བོད་རྒྱ་གཞུང་གཉིས་ཀའི་ངོས་ནས་ཆེ་མཐོང་ཆེ་ཤོས་ཀྱི་བཟོ་ལྟ་མངོན་པའི་དུས་སྐབས་ཤིག་ཡིན། འོན་ཀྱང་ཕྱི་ལོ་༡༩༥༧ ལོར་རྒྱ་ནག་ཆིང་ཏའོ་རུ་མི་རིགས་ཚོགས་འདུ་འཚོགས་པ་ནས་བཟུང་དམར་ཤོག་གི་མི་སྣ་ཁག་ཅིག་གིས་ཕུན་དབང་ལ་ནག་མེད་ཉེས་འཛུགས་བྱས་ཤིང། མཐར་བཙོན་ཁང་དུ་མི་ལོ་༡༨ སྡོད་དགོས་བྱུང། བཙོན་གྲོལ་དཀར་འདོན་ཐོབ་རྗེས་རྒྱ་གཞུང་གི་མིང་གནས་ཆེན་པོ་ཁག་ཅིག་སྤྲད་ཀྱང། ཁོང་གིས་བོད་རིགས་གཙོས་གྲངས་ཉུང་མི་རིགས་ཁག་གི་ཐོབ་ཐང་ཐད་རྩོད་གླེང་ཤུགས་ཆེ་བྱས་ནས་སླར་ཡང་མ་ཉེས་ཁ་ཡོག་བྱེད་ཡུལ་ཞིག་ཏུ་གྱུར།
བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་དབྱིན་ཧྥ་ཐང་སོགས་ཀྱིས་“བོད་ལྗོངས་ཀྱི་འཐུས་ཚབ་མི་སྣ་གསུམ་”ལ་སྐྱོན་བརྗོད་དང་འཐབ་རྩོད་དགོས་སྐོར་བརྗོད་ཅིང། དེ་དག་ནི་ཕྱི་རྒྱལ་དུ་ཡོད་པའི་ཏཱ་ལའི་དང། ཏང་གི་ཕྱི་རུ་ཡོད་པའི་པཎ་ཆེན། ཏང་ནང་གི་ཕུན་དབང་བཅས་རེད་ཅེས་ཉེས་འཛུགས་བྱེད་ཡུལ་དུ་བསྒྱུར་པ་སོགས་སྔ་ཕྱི་ཀུན་ཏུ་ཁོང་ནི་རྒྱ་དམར་གཞུང་གིས་ཡིད་ཆེས་རྣལ་མ་བྱེད་ཡུལ་ཞིག་དང། དམར་ཤོག་གི་མི་སྣ་ངོ་མ་ཞིག་ཏུ་གཏན་ནས་བརྩི་མྱོང་མེད། འོན་ཀྱང་ཁོང་ནི་དམར་ཤོག་གི་དམག་དཔུང་དང་མཉམ་དུ་བོད་ལ་ཡོང་སྐབས་དང། གྲོས་མཐུན་གྱི་ཡིག་ཆ་འཇོག་སྐབས། བཙོན་ཁང་དུ་སྡོད་སྐབས། བསྒྱུར་བཅོས་སྒོ་དབྱེ་ཟེར་བ་བྱས་རྗེས་སོགས་སུ་བོད་མི་རིགས་ལ་རང་དབང་དགོས་པ་དང། བོད་རྒྱ་མི་རིགས་གཉིས་གཅིག་འོག་གཅིག་འདུས་མ་ཡིན་པར་འདྲ་མཉམ་དང་དཔུང་པ་མཉམ་གཤིབས་ཀྱི་ཐོབ་ཐང་སྤྲོད་དགོས་པའི་ལངས་ཕྱོགས་དེ་གཏན་ནས་དོར་མེད་པ་མ་ཟད། དེའི་ཆེད་དུ་ཡིག་ངག་གཉིས་ཐོག་ནས་འཐབ་རྩོད་ཀྱང་ད་བར་རྒྱུན་མ་ཆད་དུ་བྱས་ཡོད།
ཕུན་དབང་གིས་མི་ཚེ་གང་ལ་བོད་མི་རིགས་ཀྱི་ཆེད་དུ་རང་གི་སེམས་ནུས་ཡོད་ཚད་བཏོན་པས་དཀའ་སྡུག་གང་མང་ཞིག་མྱངས་ཤིང། ཁོ་རང་སྒེར་གྱི་མི་ཚེའི་དྲོ་སྐྱིད་ཁོ་ན་ལས་མི་རིགས་ཀྱི་བདེན་དོན་ལ་བསམ་བློ་གཏན་ནས་མ་བཏང་ན། ཁོང་དང་ཁོང་གི་བུ་ཕྲུག་དག་ལ་མིང་ཆེན་པོ་དང་མཐུན་རྐྱེན་ཡག་པོ་ཡོད་པའི་མི་ཚེ་ཞིག་སྐྱེལ་རྒྱུ་བྱུང་ཡོད་པ་ནི་དཔེ་མཚོན་མི་སྣ་གཞན་དག་གི་གནས་སྟངས་ཐོག་ནས་ཤེས་ཐུབ། ཁོང་འཇིག་རྟེན་འདི་དང་ཁ་བྲལ་སོང་ཡང། ཁོང་གིས་སྔ་ཕྱིར་བརྩམས་གནང་བའི་ཞིབ་འཇུག་གི་རིན་ཐང་ལྡན་པའི་རྩོམ་དེབ་གལ་ཆེན་ཁག་ནི་ཇི་སྲིད་ཀྱི་བར་དུ་འཛམ་གླིང་གི་ཁྱོན་དུ་ཕན་ནུས་ལྡན་པ་ཞིག་ཏུ་གྱུར་ཡོད་པ་དང། བོད་རྒྱ་མི་རིགས་ཀྱི་གནད་དོན་ཐོག་ཁོང་གི་དངོས་མཐོང་དངོས་མྱོང་གི་ལོ་རྒྱུས་དང་རྒྱ་ནག་གི་ཡིག་ཐོག་ཏུ་ཡོད་པའི་ཁྲིམས་ལུགས་ཁག མར་ཁེ་སི་དང་ལེ་ནེན་གྱི་རིག་པའི་གཞུང་ལུགས་ཀྱིས་རྒྱབ་རྟེན་བྱས་ནས་ཆོད་སྡོམ་བྱས་པ་ཁག་ནི་མ་འོངས་པར་གཞི་འཛིན་ས་ཞིག་དང། གལ་ཆེ་བའི་ལོ་རྒྱུས་ཀྱི་ཡིག་ཆ་ཞིག་ཏུ་གྱུར་ཡོད། དེར་བརྟེན་མི་དཀྱུས་མའི་ནང་ནས་ཁོང་ལྟ་བུ་བོད་མི་རིགས་ཀྱི་ཆེད་དུ་མི་ཚེ་གཅིག་ལ་འབད་བརྩོན་བྱེད་མཁན་མཐོང་དཀོན་པ་ཞིག་ཏུ་གྱུར་ཡོད་ལ། བོད་མི་ཕལ་མོ་ཆེའི་ངོས་ནས་ཀྱང་དུས་ནམ་ཡང་སེམས་ནང་ནས་མི་ནུབ་མི་སྲིད་པའི་སྐར་མ་འོད་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།།