བར་དོའི་གདོན་འདྲེ་ང་མིན།

ང་ལ་བར་དོའི་གདོན་འདྲེ་ཞེས་འབོད་པའི་དྲ་གྲོགས་ལ་འཚམ་འདྲི་ཞུ། ངས་མེ་སྒྱོགས་རྒྱ་མཚོས་བཤད་པའི་སྐད་ཆ་ཡག་པོ་འདུག་ཟེར་བ་ཚང་མ་བདེན་པ་ཡིན་ཞེས་པའི་དོན་མིན་ལགས། ཡིན་ཡང་གང་ཟག་ལ་མ་ལྟོས་ཆོས་ལ་ལྟོས་ཟེར་བ་བཞིན་ཟམ་གདོང་རིན་པོ་ཆེ་མཁས་དབང་དང་བཀའ་ཁྲི་རེད་ཟེར་ནས་གསུང་ཚོད་བདེན་པ་འཛིན་དགོས་དོན་མེད་ལགས། སངས་རྒྱས་ཀྱི་བཀའ་ཡིན་ཀྱང་གསུང་ཚད་བདེན་པ་འཛིན་མི་རུང་བར་དཔྱད་པ་བཏང་དགོས་པའི་བཀའ་སློབ་མང་པོ་ཕེབས་ཡོད། གཞུང་དང་གཞུང་གི་དཔོན་རིགས་ཚོར་བསམ་ཚུལ་འདོན་པ་དེ་ཆིག་སྒྲིལ་ལ་མི་དགའ་བ་དང་སྟོབས་ཤུགས་ལ་མི་དགའ་མཁན་ཡིན་ཞེས་བརྗོད་མི་ཐུབ། དེ་ཡིན་ན་ཨ་རིའི་སྤྱི་མཐུན་ཚོགས་པ་དང་རྒྱ་གར་གྱི་མི་མང་ཚོགས་པ་ཐེ་ཝན་གྱི་རང་བཙན་ཚོགས་པ་སོགས་ཆིག་སྒྲིལ་དང་སྟོབས་ཤུགས་ལ་མི་དགའ་མཁན་ཡིན་པ་འགྱུར་བའི་ཐལ་བ་ཡོད། དམིགས་བསལ་གྱི་གཞུང་དང་གཞུང་གི་དབུ་འཁྲིད་ཚོར་སྐད་ཆ་བཤད་དགོས་པའི་རིགས་རྣམས་མི་དམངས་ཀྱིས་ཁ་སང་ནས་བཤད་དགོས་རྒྱུ་དེ་ཧ་ཅང་གལ་ཆེ་ཡིན་ལ་དམངས་གཙོའི་ལམ་ལུགས་འོག་ཏུ་འཚོ་བའི་དམངས་ཀྱི་ཐོབ་ཐང་ཆེ་ཤོས་ཅིག་ཀྱང་ཡིན་སྙམ་ལགས། ཁ་སང་ན་གོ་བདེ་ནམ་ལངས་ན་འགྲོ་བདེ་ཟེར་བ་བཞིན་དེ་ནས་དཔོན་འབངས་གཉིས་ལ་ཡིན་མིན་དཔྱད་པ་བྱ་སའི་སྡིང་ཆ་ཞིག་ཡོང་ངེས་ཡིན་པ་ལས། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། དེ་དག་ཐམས་བཅད་བདག་གིས་བགྱི་ཟེར་ན་ཆབ་སྲིད་དང་དཔལ་འབྱོར་གྱི་ཐད་ལ་ཁུངས་འཁྱོལ་ཐབས་ཡེ་ནས་མེད།། དོན་དངོས་ཐོག་ང་ཚོ་གནས་ས་འཇིག་རྟེན་མི་ཡུལ་ཡིན་པ་སོང་ཙང་ངེས་པར་དུ་མིའི་བྱེད་ལས་ལ་བསྟུན་དགོས་པ་དང༌། དཔོན་གྱིས་འབངས་ཀྱི་བསམ་ཚུལ་ཤེས་དགོས་པ་དང་དམངས་ལ་བསྟུན་དགོས་པ་དེ་ཧ་ཅང་གལ་ཆེ་ཡིན་སྙམ། ༸གོང་ས་མཆོག་གི་གསུང་ནང་ཕོད་པ་རྣམ་གསུམ་གྱི་བསམ་བློ་འཛིན་མཁན་དགོས་ཀྱི་འདུག་ཟེར་ནས་ཡང་ཡང་ཡོང་གི་འདུག་ལ། ཟླ་བ་ནོར་བུ་ལྟ་བུ་ང་ཚོ་བོད་མི་མང་པོ་དགོས་ཀྱི་འདུག་ཅེས་ཀྱང་གསུངས་མྱོང་ཡོད།