ཤེས་ཡོན་སྲིད་ཧུས་གསར་པར་རེ་བ།
དྲ་གྲོགས་མེ་སྒྱོགས་ཀྱི་རྩོམ་ཡིག་གཙོས་མང་པོ་ཞིག་ཉིན་འགའི་སྔོན་དུ་བཀླགས་པས་ཇི་བཞིན་བློ་ལ་མ་ངེས། ངས་དེ་དང་འབྲེལ་ཡོད་ཀྱི་གཏམ་འགའ་གླེང་ན་སྙམ། སློབ་དཔོན་ཆེ་པོ་ཟམ་གདོང་རིན་པོ་ཆེས་གཏན་ལ་ཕབ་པའི་ཤེས་ཡོན་སྲིད་ཇུས་འདིས་མ་འོང་པར་ང་ཚོ་འཛམ་གླིང་གི་ཁྲོད་མགོ་འགྱིང་འགྱིང་བྱེད་ནས་འགྲོ་རྒྱུའི་གོ་སྐབས་ཤིག་སྤྲོད་རྒྱུར་རེ་བ་ཆེན་པོ་ཡོད། རང་གི་སྐད་ཡིག་དེ་ཆུང་བྱིས་པའི་དུས་ནས་བློ་ངོར་བག་ཆགས་གཏིང་ཟབ་པོ་ཞིག་འཇོག་ཐུབ་ན། ཕྲུ་གུས་རང་གི་ཕ་སྐད་ཀྱི་རིན་ཐང་མཐོང་ངེས་ཡིན་ལ་སྐད་ཡིག་གཉིས་པ་དེའང་སྦྱོང་བདེ་པོར་ཆགས་རྒྱུ་ཡིན། དེ་མིན་སྔོན་འགྲོའི་འཛིན་གྲྭའམ་བྱིས་བཅོལ་ཁང་ནས་ ABC དང་ཀ་ཁ་ག་ང་གཉིས་ཀྱི་རིན་ཐང་གཅིག་ལ་བརྩི་ནས་འཚར་ལོངས་བྱུང་སྐབས། ཁོར་ཡུག་དང་མཐོ་རིམ་སློབ་གྲྭའི་བརྒྱུད་ལམ་གྱི་ཁྲོད་ནས་ཀ་ཁ་ག་ངའི་སྐུ་ཚེ་རིང་པོར་གཏན་གྱི་མེད་ལ་ABC རྐང་ཆག་མ་དེས་བོད་པའི་གཞོན་སྐྱེས་མང་པོ་ཞིག་གི་བསམ་བློ་དབང་བསྒྱུར་བྱེད་ཀྱི་ཡོིད། འཛམ་གླིང་སྐད་ཡིག་རིག་པ་ལ་མཁས་པ་ཚོས་ཕྲུ་གུ་རང་ལོ་15་ཙམ་ལ་མ་སོན་བར་སྐད་ཡིག་གཅིག་ཁོ་ནས་འགྲོ་དགོས་པ་དང་དེ་ནས་སྐད་ཡིག་དེའི་བརྒྱུད་ལམ་གྱི་རིག་པའི་ཁ་ཕྱོགས་གཞན་གྱི་སྐད་ཡིག་སྟེང་བསྒྱུར་སྐབས་ཧ་ཅང་སྟབས་བདེ་ཡིན་པ་བརྗོད་བཞིན་ཡོད། ང་ཚོས་ཉམས་མྱོང་གི་ཐོག་ནས་བལྟས་ནའང་ཕྱི་རྒྱལ་བས་བོད་སྐད་སྦྱོང་སྐབས་ཧ་ཅང་མགྱོགས་པོ་ཡིན་པ་དང་རྒྱ་ཡིག་ཡག་པོ་ཤེས་མཁན་གྱི་དབྱིན་ཡིག་སྦྱོང་སྐབས་མགྱོགས་པོ་ཡིན་པ་དེ་སྐད་ཡིག་གཞན་གྱི་འགྲོ་ལུགས་ཡག་པོ་ཤེས་ཀྱི་ཡོད་པའི་བཀའ་དྲིན་ཡིན། བོད་པའི་གཞིས་རིམ་སློབ་གྲྭ་དང་བོད་ཁྱིམ་སློབ་གྲྭ་གཉིས་བོད་ཡིག་གི་ཤེས་ཚད་འདྲ་ཡི་མེད་ལ། དཔེ་སྟོན་སློབ་གྲྭ་དང་བོད་ཁྱིམ་གཉིས་ཀྱི་བོད་ཡིག་གི་ཤེས་ཚད་དང་ཕྲུ་གུ་བསམ་བློ་གཏོང་སྟངས་འདྲ་ཡི་མི་འདུག་ང་ཚོ་མ་ཤི་ཚེ་རིང་བྱུང་ན་མ་འོངས་པའི་དཔེ་སྟོན་སློབ་གྲྭ་ནས་ཐོན་པའི་སློབ་མའམ་ཤེས་ཡོན་སྲིད་ཇུས་གསར་པའི་འོག་ནས་འཚར་ལོངས་བྱུང་བའི་སློབ་མའི་འཇོན་ཐང་ཞིག་མཐོང་རྒྱུ་བྱུང་ན། ད་གཟོད་མཁས་དབང་ཟམ་གདོང་གིས་འཆར་འགོད་མཛད་པའི་ཤེས་ཡོན་སྲིད་ཇུས་ཀྱི་རིན་ཐང་མཐོང་ཐུབ་པའི་རེ་བ་ཡོད།