ལས་འབྲས་དང་འཕྲོད་བསྟེན།
ལས་འབྲས་དང་འཕྲོད་བསྟེན།དུས་གསུམ་མ་འདྲེས་ཇི་བཞིན་གཟིགས་པའི་དཔལ།།ཐུབ་པ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས།།མི་ཕྱེད་དད་པ་གསུམ་གྱིས་གུས་བཏུད་དེ།།ལེགས་བཤད་བླང་དོར་ཚིག་གསུམ་འབྲི་བར་བྱ།།བཟའ་བཏུང་འཕྲོད་བསྟེན་འབའ་ཞིག་གིས།།ལུས་འདི་ཡུན་རིང་འཚོ་མིན་ཏེ།།ཚེ་བསྲིངས་ཡུན་དུ་གཞེས་པ་ལ།།སྔོན་བསགས་བསོད་ནམས་ཤིག་ཀྱང་དགོས།། ཞེས་ཚིགས་སུ་བཅད་པའི་མེ་ཏོག་གི་ཕྲེང་བ་ཕུལ་བ་སྔོན་དུ་བཏང་ནས་འཕྲོད་བསྟེན་ཁོ་ནས་ལུས་ཡུན་རིང་འཚོ་མི་ཐུབ་པའི་དཔྱད་རྩོམ་ཞིག་འབྲི་བར་འཇུག་པར་བྱའོ།། ཆོས་དང་འཇིག་རྟེན་གཉིས་ཀར་འཇུག་པའི་གཞི་རྟེན་མེད་དུ་མི་རུང་བ་ནི་དལ་འབྱོར་གྱི་ལུས་རྟེན་བཟང་པོ་འདི་ཉིད་ཁོ་ན་ཙམ་དུ་ངེས་ལ། དེ་ཡང་ལུས་འདི་ཉིད་ཅི་ཙམ་བདེ་ན་ཡང་དེ་ཙམ་གྱིས་ལས་ཀ་བྱེད་བདེ་བ་ཡོང་གི་ཡོད་པའི་ཕྱིར།དབུ་མ་བཞི་བརྒྱ་པ་ལས།ལུས་ནི་དགྲ་ལྟར་མཐོང་མོད་ཀྱི།།དེ་ལྟ་ན་ཡང་དེ་བསྲུང་བྱ།།ཁྲིམས་ལྡན་ཡུན་རིང་འཚོ་བ་ནི།།དེ་ལས་བསོད་ནམས་ཆེན་པོ་བྱེད།། ཅེས་གསུངས་པ་ལྟར། འཕྲོད་བསྟེན་ནི་སྐྱེས་འགྲོ་ཀུན་ལ་དཀའ་ངལ་སེལ་ཞིང་མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་སྟེར་བ་ལ་མེད་དུ་མི་རུང་བ་ཡིན་པར་ཚན་རིག་པ་དང་ཨེམ་རྗེ་མཁས་པ་ཀུན་ཀྱིས་མགྲིན་གཅིག་ཏུ་སྨྲས་པར་བྱེད་ན་ཡང། མཐའ་གཅིག་ཏུ་མིའི་མི་ཚེ་ཡུན་རིང་དུ་འཚོ་བ་དང། ནད་ན་ཚ་ཉུང་བར་བྱེད་ཐུབ་པ་ཞིག་མ་རེད་སྙམ། ༡༽འཚོ་བའི་མཐུན་རྐྱེན་བཟང་ཡང་ཅིའི་ཕྱིར་ཡུན་རིང་འཚོ་མི་ཐུབ། སྟོབས་འབྱོར་ལྡན་པའི་མི་གང་ཅིའི་ཐོག་དཀའ་ངལ་མེད་པར། བཟའ་བཏུང་ལོངས་སྤྱོད་ཟད་མཐའ་མེད་ཅིང་། གསོ་བའི་སྨན་རིགས་ཅི་དགོས་ཀྱང་ཉོ་ཐུབ་མཁན། ཉིན་རེར་གཟུགས་པོ་ཐེངས་གསུམ་ལ་འཁྲུད་ཅིང། བཟང་བཏུང་ཡང་ཉིན་རེར་ཐེངས་བདུན་ཙམ་མཆོད་མཁན་གྱི་མི་དྲག་དང།དཔོན་རིགས་ཚོང་པ་སོགས་ཚེ་རིང་དུ་གནས་མི་ཐུབ་པར་ན་གཞོན་སྐབས་ནས་གྲོངས་པ་ཤིན་ཏུ་མང་། དེ་ནི་ང་ཚོའི་སྤྱི་ཚོགས་ནང་རྒྱུན་དུ་མཐོང་ཐོས་ཡོངས་གྲགས་ལྟ་བུ་ཡིན། དངོས་གནས་བྱས་ན་ཁོང་ཚོའི་གྲས་དེ་ཚེ་རིང་པོ་དང་ནད་ན་ཚ་ཉུང་བ་ཞིག་དགོས་ཀྱང་། ན་རྒྱུ་ཚ་རྒྱུ་ནི་འཕྲོད་བསྟེན་ལེགས་པ་ཚོ་ལ་དེ་བས་ཀྱང་མང་བ་ཡོང་གི་ཡོད།
༢༽འཚོ་བའི་མཐུན་རྐྱེན་ཞན་ཡང་ཅིའི་ཕྱིར་ཡུན་རིང་འཚོ་ཐུབ། དབུལ་པོ་ཉམ་ཐག་འཚོ་བའི་མཐུན་རྐྱེན་ཧ་ཅང་གི་ཞན་ཞིང་ཉིན་རེར་ལྟོ་གྲོད་པ་གང་རག་ཐུབ་པ་ཙམ་གྱི་མི་དེ་འདྲ་མི་ཚེ་ཡུན་རིང་སྐྱེལ་ཞིང་ལོ་ན་མཐོན་པོར་འཚོ་ཐུབ་པ་དེ་ཡང་ང་ཚོའི་སྤྱི་ཚོགས་ནང་མཐོང་རྒྱུ་མང་པོ་ཡོད། དངོས་འབྲེལ་མི་ཡུན་རིང་པོར་འཚོ་ཐུབ་མིན་དེ་མཐའ་གཅིག་ཏུ་འཕྲོད་བསྟེན་ལ་རག་ལས་པ་ཞིག་ཡིན་ན། དབུལ་ཕུང་ཉམ་ཐག་དེ་ཚོ་ཚེ་ཐུང་ཞིང་འཕྲོད་བསྟེན་ལེགས་པའི་མིའི་སྔོན་དུ་འཆི་དགོས་པ་འདྲ་ཡང། མི་ཤི་བར་ཡུན་རིང་དུ་འཚོ་བ་དེར་ཚན་རིག་པ་ཞིག་ལ་སྐད་ཆ་འདྲི་ན་ལན་རྒྱག་ཁག་ཙམ་ཆགས་རྒྱུ་ཉག་ཅིག་རེད། ༣༽གནས་སྐབས་དང་མཐར་ཐུག་གི་མཐུན་རྐྱེན་ཞིག་དགོས། འཇིག་རྟེན་འདི་ན་སྨྲ་ཤེས་དོན་གོ་བའི་མགོ་ནག་མིའི་སྐྱེ་བ་ཞིག་བླངས་ཚུན་ཆད་མི་ཚེ་རིང་ཙམ་འཚོ་བར་བྱེད་པ་ལ་ངེས་པར་དུ། གནས་སྐབས་ཀྱི་མཐུན་རྐྱེན་ཞིག་དང་མཐར་ཐུག་གི་མཐུན་རྐྱེན་ཞིག་བཅས་གཉིས་ཀར་བརྟེན་དགོས་པ་ལས། ཕྱོགས་གཅིག་ཁོ་ནས་མིའི་བསམ་དོན་སྒྲུབ་མི་ཐུབ་པ་ནི་གསལ་པོ་རེད། དང་པོ། གནས་སྐབས་ཀྱི་མཐུན་རྐྱེན་ནི་འཕྲོད་བསྟེན་བྱ་རྒྱུ་དེ་ཡིན། དེ་ལ་ཡང་ཕྱིའི་འཕྲོད་བསྟེན་དང་ནང་གི་འཕྲོད་བསྟེན་གཉིས་ཡོད་ལ། ༡》ཕྱིའི་འཕྲོད་བསྟེན་ནི།བཟའ་བཏུང་མི་འཕྲོད་པ་སྤང་རྒྱུ་དང། འཕྲོད་པ་བླང་རྒྱུ་དང། གཟུགས་པོ་དང་གདོང་། རྐང་ལག་དང་སོ་སོགས་དུས་ཐོག་འཁྲུད་དེ་གཙང་སྦྲ་ལེགས་པོ་བྱ་རྒྱུ་དང། ན་དུས་དུས་ཐོག་སྨན་བཅོས་བྱ་རྒྱུ། གཉིད་ཡག་པོ་ཁུག་རྒྱུ་སོགས་མདོར་ན་གཟུགས་པོ་ལ་ཕན་པའི་རིགས་གང་ཡོང་ཅི་ཡོང་བྱ་རྒྱུ་དེ་ཡིན། ༢》ནང་གི་མཐུན་རྐྱེན་ནི། ནང་ཆོས་དང་འབྲེལ་བའི་སྒོམ་ཉམས་ལེན་བྱ་རྒྱུ་སྤྱི་དང་ལྷག་པར་དུ་འདོད་ཆགས་ཀྱི་གཉེན་པོ་མི་སྡུག་པ་སྒོམ་པ་དང། ཞེ་སྡང་གི་གཉེན་པོ་བྱམས་པ་སྒོམ་རྒྱུ་དང། གཏི་མུག་གི་གཉེན་པོ་ཤེས་རབ་སྒོམ་པ་སོགས་ཉོན་མོངས་རེའི་གཉེན་པོ་ཐབས་རེ་ཡོད་ཀྱང་།དབུ་མ་བཞི་བརྒྱ་པ་ལས།ལུས་ལ་ལུས་དབང་ཇི་བཞིན་དུ།།གཏི་མུག་ཀུན་ལ་གནས་གྱུར་ཏེ།།དེའི་ཕྱིར་ཉོན་མོངས་ཐམས་ཅད་ཀྱང་།།གཏི་མུག་བཅོམ་པའི་བཅོམ་པར་འགྱུར།། ཞེས་གསུངས་པ་ལྟར། བདག་མེད་པའི་ལྟ་བའམ་སྟོང་པ་ཉིད་སྒོམ་ན་གཏི་མུག་བཅོམ་འགྲོ་བ་ཡིན་པས། གཏི་མུག་བཅོམ་ན་ཉོན་མོངས་ཐམས་ཅད་བཅོམ་པ་དང་གཅིག་མཚུངས་ཡིན་ནོ།། དེ་ལྟར་ཉོན་མོངས་རྣམས་ཀྱི་མགོ་གནོན་པའི་གཉེན་པོ་ཉམས་སུ་བླངས་པའི་ཐོག་སེམས་མ་འཁྲུག་པར་ཞི་བ་ཞིག་བྱུང་ཐུབ་ན། སེམས་སྐྱིད་པོ་ཡོང་གི་རེད། སེམས་སྐྱིད་པོ་ཡོང་ན། རླུང་ཆ་སྙོམས་པོར་རྒྱུ། རླུང་ཆ་སྙོམས་པ་ཞིག་ཡོང་ན། ཁྲག་ཀྱང་ཆ་སྙོམས་པོ་རྒྱུ་ཐུབ་ཀྱི་ཡོད། དེ་ལ་བརྟེན་ནས་གཟུགས་པོ་བདེ་ཐང་དང། སྐྱིད་པོ་ཡོང་གི་ཡོད། དེ་ནི་རག་བཤད་ཙམ་ཡིན། ཞིབ་ཏུ་སྐྱེད་རྫོགས་ཀྱི་ལམ་སྒོམ་རྒྱུ་དང། རྩ་རླུང་ཐིག་ལེ་སོགས་ཀྱི་ཉམས་ལེན་ནི་ནང་གི་འཕྲོད་བསྟེན་བཟང་ཤོས་ཡིན་ནོ།།
གཉིས་པ་མཐར་ཐུག་གི་མཐུན་རྐྱེན་ནི། ལས་དཀར་ནག་གཉིས་ནས་ལས་དཀར་པོ་ཁོ་ནའོ།། དེ་ཡང་ཚེ་རིང་པོ་ཡོང་བ་ལ་སྲོག་གཅོད་སྤངས་པ་དང། ཚེ་ཐར་གཏོང་བ་སོགས་དཀར་པོའིི་ལས་ཚེ་སྔོན་མར་རང་གིས་བསགས་པའམ། གཞན་ལ་གསོག་ཏུ་བཅུག་པ་སོགས་མེད་ན་འཕྲོད་བསྟེན་ཁོ་ནས་ཚེ་རིང་དུ་བསྲིངས་མི་ཐུབ་པ་ནི་དངོས་ཐོག་བདེན་འཚོལ་ཡིན་ནོ།
སྤྱི་ལོ་༢༠༠༩ཟླ༦ཚེས༡ཉིན་བྲིས།
རྩོམ་ཡིག་འདི་ཉིད་བཏང་སྙོམས་སུ་མི་འཇོག་པར་དྲ་གྲོགས་ཚང་མས་ཐུགས་སྣང་ཆེན་པོས་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་གང་མང་གནང་རོགས་ཞེས་སྙིང་ཐག་པ་ནས་འབོད་སྐུལ་ཞུ་རྒྱུ་ཡིན།