མོ་རིགས་ཀྱི་མིང་ཚིག་སྐོར་།

 

དེ་མིན་སྤྱིའི་ཆ་ནས་བཤད་ན་བཟང་ངན་གྱི་དབྱེ་བ་མིན་པར་དཔེར་ན།རྨོ་མོ།ཨ་མ་།མནའ་མ།བུ་མོ་ལྟ་བུ།ལོ་རིམ་གྱི་ཆ་ནས་ཆུང་ནས་ཆེ་བར་བུ་མོ་ཞེས་པ་ནི་ཕལ་ཆེར་བཙས་ནས་ལོ་གྲངས་བཅོ་ལྔ་ཙམ་ལ་གོ་བ་དང།དེ་ནས་ལོ་བཅོ་ལྔ་ནས་ཉི་ཤུ་རྩ་གྲངས་བར་ལ་གཞོན་ནུ་མ།ལོ་ཉེར་བརྒྱད་དགུ་ཙམ་ནས་ལྔ་བཅུ་མ་སླེབས་བར་དར་གཞོན་མ།དེ་ནས་ལོ་རྒན་དྲུག་ཅུ་ནས་བརྒྱ་ཡས་ལོན་ཚར་བ་མོ་རྣམས་ལ་རྒས་མོ་ལྟར་གྱི་ཚོད་འཛིན་ན་འགྲིག་སྙམ།དེ་མིན་ལས་རིགས་ཀྱི་དབྱེ་བའི་སྒོ་ནས་ཀྱང་མོ་རིགས་ཀྱི་ཚིག་དཔེར་ན།ཆང་མ།ཇ་མ།འབྲོག་མོ།གཡོག་མོ།བཙུན་མའམ་ཇོ་མོ།གཞང་ཚོང་མ།མ་ཚབ།སོགས་ཡོད་པ་རེད།གཞན་མཛེས་དཔྱོད་ཀྱི་མིང་ཚིག་ཀྱང་བསམ་གྱི་མི་ཁྱབ་པ་ཡོད་པ་དཔེར་ན།ཡིད་འོངས་མ་།སྙིང་སྡུག་མ།མཚར་སྡུག་མ།མཛེས་མ།ལུས་ཕྲ་མ།བཞིན་ལེགས་མ།ལུགས་བཟང་མ།ཡིད་འཕྲོག་མ།མཛངས་ལྡན་མ་སོགས་ཡོད་པ་མ་ཚད།དོན་གཅིག་མིང་གི་རྣམ་གྲངས་མང་དག་ཡོད།

 

འདིར་སྤུན་གྲོགས་ཏྲེ་ཧོར་ཐུབ་བསྟན་གྱི་ཀ་ཕྲེིང་ནང་དུའང་མ་ཡིག་གི་མཇུག་བྱས་པའི་མིང་ཚིག་དུ་མ་ཞིག་བཀོད་ཡོད་པ་བཞིན། མོ་རིགས་ཀྱི་མིང་ཚིག་ཁོ་ནས་ཀྱང་ལོགས་སུ་བརྗོད་ན་མང་དག་ཅིག་འབྲི་སྲོལ་ཡོད་པ་རེད།

དེ་མིན་བོད་ཁམས་ཕྱོགས་ཀྱི་དམངས་ཁྲོད་དུ་ནག་མོ་དང་ཕོ་རོགས་གཉིས་ཀྱི་མིང་ཚིག་འཇུག་སྟངས་ནོར་འཕྲུལ་རྒྱུན་འགྱམས་སུ་སོང་ཡོད་པར་བཤད་ལ། ཕོ་རོགས་ཏེ་སྐྱེས་པ་ཚོའི་རོགས་པ་མོ་ཡིན་སྟབས་དེ་ལྟར་བརྗོད་མོད་ཀྱང༌། དེ་དང་ནག་མོ་ཞེས་པ་འདབ་ཆགས་དེའི་སྤུའི་མཚོན་མདོག་ལྟར་ནག་མོ་ཞེས་མིང་བཏགས་ཀྱང་མོ་ལ་གོ་དགོས་པའི་མིང་ཚིག་དེ་དང་འདབ་ཆགས་ནག་རིལ་དེའི་མིང་ཚིག་གཉིས་འབོད་སྟངས་ནོར་ཡོད་པར་སྐད།

 

དེ་མིན་སྤུན་ཟླ་མེ་སྒྱོག་གིས་ཀྱང་ཧང་སང་མདོག་ཁ་པོ་བྱེད་པའི་བུད་མེད་དང་སྐྱེས་དམན་ཟེར་བའི་མིང་ཚིག་གཉིས་ཀྱང་དབང་ཆའི་གོ་གནས་སོགས་བཟང་ཕྱོགས་སུ་བུད་མ་ཐུབ་པར་བུད་མེད་ཅེས་དང་སྐྱེ་བ་དམན་པར་སྐྱེས་དམན་ཞེས་པར་ངོས་འཛིན་པ་དེ་དོན་དམ་པར་མོ་རིགས་ལ་དམོད་པའི་མིང་ཚིག་མ་ཡིན་ཏེ།མོའི་མཚན་མའི་གནས་སྟངས་ལ་གཞིགས་སྟེ་ཕོ་དང་གཅིག་མཚུངས་ཀྱི་མཚན་མ་ཡོད་པ་དེ་ཕྱིར་བུད་མེད་ཅེས་པའི་དོན་དང།མཚན་མ་གནས་ས་མཐོ་དམན་གྱིས་དེ་ལྟར་བརྗོད་ཡོད་པར་དེའང་འུ་ཚང་གི་གཡོ་འཁྱོལ་བ་འགས་དམོད་ཚིག་ཏུ་བགྲང་ཟིན་པ་མ་ཟད།དེ་ལྟར་སྐྱར་ཟློས་ཀྱི་གྲངས་བསྲོག་མང་མཐར་ཚིག་དེ་དག་དམོད་ཚིག་ཏུ་ལངས་ཤོར་རྒྱུན་འགྱམ་ཏུ་སོང་ཡོད་སྐད་འདུག་གོ

 

དེ་མིན་དེང་སང་མི་ཚོའི་ཁ་ནས་རྒྱུན་འགྱམས་སོང་བའི་མངོན་མཚན་ཅན་གྱི་མིང་ཚིག་ཅིག་སྟེ།ཁམས་ཕྱོགས་ཀྱི་སྐྱེད་མའམ་གཅེན་མོའི་དོན་དུ་གོ་དགོས་པའི་འབོད་ཚིག་ཨ་ཅེ་དང་ཨ་ལྕེ་སོགས་དོན་མི་གསལ་བའི་ཚིག་དུ་མ་ཡོད་པ་དེ་ནི་ཐོག་མར་བརྡ་སྙིང་དུ་ཨ་ཕྱེ་ཞེས་པ་དེ་ཡིན་ཡང༌།བོད་སྟོད་སྨད་བར་གསུམ་དུ་མི་ཚོས་མིང་ཚིག་སྐོར་གཅིག་མཚུངས་ཀྱི་འགྱུར་ལྡོག་འབྱུང་བ་དང༌།སྒྲ་འགྱུར་བར་བརྟེན་ནས་ཚིག་འགྱུར་བཞིན་པ་ལྟར།ཁམས་སྐད་དུ་གངས་རི་ལ་ཀློག་སྟངས་གོངས་རི་དང་བཟང་མོ་ལ་བཟོང་མོ་སོགས་ཀྱི་སྒྲ་དོན་པ་བཞིན་ནོ།དེ་རྗེས་སྒྲ་འགྱུར་ནས་གཟུགས་འགྱུར་ཞིང་སྔོན་གྱི་ཨ་ཕྱེ་ཞེས་པ་དེ་ད་ལྟའི་ཆར་དྲ་གྲོགས་ཚོས་ཀྱང་གུས་མོར་འབོད་བཞིན་པའི་ཨ་ཅེ་དང་ཨ་ལྕེ་སོགས་འབྲི་བཞིན་པ་འདིའོ།

 

བུད་མེད་ཀྱི་མིང་ཚིག་འདོག་སྟངས་སྐོར་ཞིབ་དཔྱོད་བྱེད་ན་འདི་ལས་མང་ཞིང་གཏིང་ཟབ་པ་ནི་སྨྲོས་མ་དགོས་ཀྱང་། ཐོར་བྱུང་གིས་བྲིས་པ་འདི་སྐབས་བབས་ཀྱི་ཚོར་འདུ་ཙམ་ལ་འཕྲུལ་བ་གང་མཆིས་ལེགས་པར་བརྗོད་པར་དགའ་བསུ་ཡོད།།