རིག་ལམ་ཞེས་ཡང་འཇུག་ས་མཐའ་མེད་པའི་རིག་འབྲི་བ་ནི་ནོར་བ་ཡིན་ཏེ་བློ་རིག་ཤེས་གསུམ་ཞེས་པའི་རིག་པས་ཕྱི་རོལ་ཡུལ་གྱི་དངོས་པོ་ལ་དཔྱད་པ་ཞེས་པའི་ཚིག་གི་ཕྱི་སྐོགས་ཀྱི་ངོ་བོའི་གོ་དོན་རགས་པ་ཙམ་དུ་མི་འགྲེལ་བར།ཡུལ་ཅན་གྱི་ཤེས་པས་གཞལ་བྱ་གང་ཞིག་ལུང་དང་རྒྱུ་མཚན་རྟགས་ཡང་དག་ལ་བརྟེན་ནས་གཏན་ལ་ཕབ་བྱེད་ཀྱི་རིགས་པ་ཞེས་པའི་ཡང་འཇུག་ས་མཐའ་ཅན་གྱི་རིགས་པ་འབྲི་དགོས་བར་བསམ་ཏེ།  རིགས་ལམ་ནི་ཚད་མ་ཞེས་པའི་དོན་དང་གཅིག་ཅིང་ཚད་མ་ནི་རྟགས་ཡང་དག་པའི་རྒྱུ་མཚན་ལ་བརྟེན་ནས་སྒྲུབ་བྱེད་ཀྱི་རིག་པ་ཞིག་ཡིན་པའི་རྒྱུ་མཚན་གྱིས་རིག་པས་གང་ཞིག་བསྒྲུབ་པར་བྱ་བའི་དོན་དེ་རིགས་པའི་ལམ་ནས་གསལ་བར་བྱེད་པའམ་གཏན་ལ་ཕབ་པའི་གཏན་ཚིགས་རིང་བཞིན་ཅན་གྱི་རིགས་པ་ཡིན་པས་ན་རིགས་ལམ་ཞེས་འབྲི་བར་རིགས་སོ།
 འོ་ན་ང་ཚོའི་རིགས་ལམ་ཞེས་སུ་འབོད་པའི་རིགས་པའི་ཁྱབ་ཁོངས་ཀྱི་ས་མཚམས་ངེས་ཅན་ཞིག་འཇོག་ཟེར་ན།འདི་ལ་ངེས་པར་དུ་རིག་པའི་ལམ་ནས་དཔྱད་པའི་སྤྱི་ཡོངས་ཀྱི་གཏན་ཚིགས་ཤིག་ལ་གོ་བར་མི་བྱ་བར་འཇིག་རྟེན་གྱི་བྱ་དངོས་ཐམས་ཅད་ལ་རིགས་པའི་ལམ་ནས་ངོསའཛིན་བྱེད་སྟངས་ཀྱི་རིགས་པའི་རྣམ་གཞག་ཅན་གྱི་གཞུང་ལུགས་ཤིག་ལ་ཞིག་ལ་གོ་བར་བྱེད་ཏེ། ཚད་མ་རིག་པ་དང་བརྡ་སྤྲོད་རིག་པ། ནང་དོན་རིག་པ། སྐར་རྩིས་རིག་པ་ལྟའི་རིག་པ་བྱེ་བྲག་པའི་བརྡ་བྱེད་ཀྱི་ཐ་སྙད་ཅིག་ལ་ངོས་འཛིན་ཞུ་དགོས་པར་སྙམ།གང་ལགས་ཤེ་ན།ང་ཚོས་རིགས་ལམ་ཞེས་བརྗོད་སྐབས་ལུང་དང་རིགས་པ་རྒྱུ་མཚན་དུ་བྱས་ནས་བྱ་དངོས་གང་ཞིག་བསྒྲུབ་པར་བྱེད་པའི་རིགས་པའི་ཐབས་ལམ་ཞིག་ལ་ངོས་འཛིན་བྱས་པ་བཞིན།མདོར་ན་རིགས་ལམ་ཞེས་པ་ཡང་གཏན་ཚིགས་རིག་པ་དང་ཚད་མ་རིག་པ་ཞེས་པ་དང་དོན་གཅིག་ཡིན་པ་འདོད་དེ་༼རིགས་ལམ་འཕྲུལ་གྱི་ལྡེ་མིག་༽ཞེས་པ་ལྟ་བུ་རིག་པ་བྱེ་བྲག་པ་ཚད་མའི་གཞུང་ཞིག་གི་མིང་དུ་བསྟན་པ་ལྟར་རོ།  ཚད་མ་རིག་པ་ནི་ཕྱི་རོལ་ཡུལ་གྱི་དངོས་པོ་གང་ཞིག་ཡིན་ཀྱང་རང་གི་གཞལ་བྱར་བྱས་ཏེ་ཡིན་མིན་དང་བདེན་རྗུན་དྲང་འཁྱོག་རྟག་དང་མི་རྟག་སོགས་གྱི་བརྟག་དཔྱད་བྱེད་ཆོག་པའི་རིག་པ་ཞིག་ཡིན་པ་བཞིན་འདིའི་ངོ་བོ་རང་རྐྱ་འཕེར་བའི་གཞུང་ལུགས་ཤིག་ཏུ་འཇོག་དགོས་ཀྱང་ཁྱབ་རྒྱ་ནི་ཆོས་ཐམས་ཅད་ལ་བྱ་བར་རིགས་སོ།   འོན་ཀྱང་ཚད་མ་ཞེས་པའི་སྐབས་ཀྱི་རིགས་ལམ་ལ་རིགས་ཞེས་འབྲི་བ་ལས་གཞན་རིག་ལམ་ཞེས་པའི་ཐ་སྙད་ཅིག་མེད་པ་ཡང་མིན་ཏེ་ཡུལ་ཅན་གྱི་རིག་པའི་ལམ་ནས་ཡུལ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་པ་ལྟ་བུ་ལ་རིག་འབྲིའོ།  ནུབ་ཕྱོགས་སུ་དར་ཁྱབ་ཧ་ཅང་ཆེ་བའི་ཤེར་རྟོགས་རིག་པའམ་ཚད་མ་རིག་པ་དང་རང་རེ་གངས་ཅན་པའི་ནང་པ་སངས་རྒྱས་པ་རྣམས་ཀྱིས་སྦྱངས་པའི་ཚད་མ་རིག་པ་གཉིས་སྤྱིར་རིག་པའི་གཞུང་ལུགས་གཅིག་གི་འོག་ཏུ་འདུས་ཤིང་བྱེད་ལས་ཀྱི་ངོ་བོ་ཡང་འདྲ་མཉམ་གྱིས་འཇིག་རྟེན་གྱི་བྱ་དངོས་ཡོད་དོ་ཅོག་གམ་མདོར་ན་ཡོད་པའི་ཆོས་ཡོངས་རྗོགས་ལ་རིགས་པས་ལམ་ནས་རྟགས་དང་རྒྱུ་མཚན་གཙོ་བོ་འཛིན་པའི་རིགས་པའི་གཞུང་ལུགས་ཤིག་ཡིན་པ་རེད།  འོན་ཀྱང་ནུབ་ཕྱོགས་སུ་དར་བའི་ཚད་མ་དང་འདི་གཉིས་ལ་རིགས་པའི་རང་ངོས་ཀྱི་གཏན་ཚིགས་དང་རྣམ་བཞག་ཀྱི་རྣམ་པ་ཐ་དད་པའི་ལུགས་གཉིས་སུ་ཟད་དོ།