ང་ཚོར་འགན་ཞིག་ཡོད་པ་རེད།
ྋགོང་ས་མཆོག་ཐེངས་འདིར་ཌན་མག་ཏུ་ཆིབས་བསྒྱུར་གནང་ནས། བོད་མི་མཇལ་ཁ་ཞུ་མཁན་ཚོར་བཀའ་སློབ་གནང་སྐབས། བོད་པ་ཚོ་ཡུལ་གང་དུ་བསྡད་ཡོད་ནའང། མ་ཤི་བར་དུ་བོད་མིའི་ཤ་ཁྲག་རུས་གསུམ་ལ་འགྱུར་བ་ཡོད་པ་མ་རེད། བོད་ནང་གི་མི་མང་ཚོ་རང་དབང་བྲལ་ནས་དཀའ་ངལ་འཕྲད་བསྡད་ཡོད་པ་རེད། རྣམ་འགྱུར་སྟོན་སྟངས་ཤིག་མ་འགྲིག་ནའང་སྲོག་ཤོར་བའི་ཉེན་ཁ་ཡོད་པ་རེད། ད་ལྟ་རྒྱ་མིས་བོད་པར་དོགས་པ་ཏོག་ཙམ་ཟོས་ན་འཇུ་བཟུང་གིས་ཉེས་རྡུང་ཚད་ལས་འདས་པ་བཏང་ནས། ཉེས་རྡུང་འོག་ནས་ཁ་ཤས་ཤི་བ་དང། མང་པོ་ནད་གཅོང་ཆགས་པ་འབྱུང་གི་ཡོད་པ་རེད། བོད་རྒྱ་ཆེའི་མི་མང་གིས་རང་དབང་ལུང་པར་ཡོད་པའི་བོད་པ་ཚོར་རེ་བ་བརྒྱབ་བསྡད་ཡོད་པ་རེད། ང་ཚོར་འགན་ཞིག་ཡོད་པ་རེད་ཅེས་བཀའ་སློབ་བསྩལ་ཡོད་པ་རེད།།