ཆུ་སྒང་༥༠ དུས་དྲན་གྱི་མཇུག་བསྡོམས།

    དེ་ཡང་ཟླ་འདིའི་ཕྱི་ཚེས་༡༦ ཉིན་ལྡི་ལི་ཆུ་སྒང་ཁང་བརྩེགས་ཆེན་མོའི་ཡང་སྟེང་དུ་སྐུ་མགྲོན་གཙོ་བོ་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བྱ་དུར་བསོད་ནམས་བཟང་པོ་མཆོག་དང༌། དམིགས་བསལ་སྐུ་མགྲོན་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ་མཆོག་དང༌། སྤྱི་འཐུས་ཚོགས་ཟུར་དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་མཆོག གཞན་ཡང་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཁག་ཅིག་ཀྱང་ཕེབས་ཡོད་པ་མ་ཟད། ས་གནས་རྒྱ་གར་གཞུང་གི་སྐུ་མགྲོན་ཁག་ཅིག་ཀྱང་གདན་འདྲེན་ཞུས་པ་ལྟར་ཕེབས་ཡོད་པ་རེད། ཞོགས་པ་ཆུ་ཚོད་བདུན་པའི་ཐོག་ཆོག་གྲྭ་དང་བཅས་བསང་གསོལ་གཟབ་རྒྱས་ཕུལ་བ་དང༌། སྔ་དྲོའི་ཆུ་ཚོད་༩ པའི་ཐོག་མཛད་སྒོ་དངོས་གཞི་དབུ་འཛུགས་ཞུས་ནས་ཐོག་མར་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་བ་དང༌། བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་སྐུ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང༌། ལྷག་པར་མི་ལོ་ ༥༠ རིང་རྒྱ་དམར་གྱིས་ཡ་ང་སྙིང་རྗེ་མེད་པའི་གདུག་རྩུབ་མནར་གཅོད་འོག་སྡུག་བསྔལ་ཚད་མེད་མྱངས་དང་མྱོང་བཞིན་པའི་ཆབ་སྲིད་བཙོན་པ་གཙོས་རང་རིགས་གཞིས་ལུས་བོད་མི་ཡོངས་ལ་མྱ་ངན་དང་གུས་འདུད་ངག་བཅད་སྐར་མ་གཅིག་གནང༌། མདོ་ཁམས་ཆུ་བཞི་སྒང་དྲུག་བོད་ཀྱི་བསྟན་སྲུང་དང་བླངས་དམག་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༥༠ འཁོར་བའི་དུས་དྲན་སྲུང་བརྩི་གོ་སྒྲིག་ཚོགས་ཆུང་གི་དྲུང་ཆེ་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་མཛད་སྒོ་གཙོ་སྐྱོང་འོག། ཚོགས་གཙོ་སྤྱི་ཟུར་གླིང་ཚང་ཚེ་རྡོར་ལགས་ནས་གོ་སྒྲིག་ཚོགས་ཆུང་གི་ལས་བསྡོམས་སྙན་ཐོ་སྙན་སྒྲོན་གནང་བ་དང༌། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་མཆོག་ནས་དབུས་རྒྱུན་ལས་ཀྱི་ཡོངས་ཁྱབ་གསུང་བཤད་སྙན་སྒྲོན་གནང༌། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ། དམིགས་བསལ་སྐུ་མགྲོན་སྤྱི་འཐུས་ག་གཟི་དགེ་བཤེས་ཚེ་རིང་པོ་མཆོག་ནས་སྤྱི་འཐུས་རྒྱུན་ལས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་གནང་བ་དང༌། སྐུ་མགྲོན་གཙོ་བོ་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བྱ་དུར་བསོད་ནམས་བཟང་པོ་མཆོག་གིས་བཀའ་སློབ་གསུང་བཤད་གནང་ཞིང༌། ཆུ་སྒང་ལོ་རྒྱུས་དེབ་ཕྲེང་གཉིས་པ་དབུ་འབྱེད་གནང༌། དེ་ནས་རིམ་པ་བཞིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་མཆོག་དང༌། སྐུ་མགྲོན་གཙོ་བོ་རྣམ་གཉིས་ནས་ཆུ་སྒང་དམག་སྤྱི་དང་ཨ་རིའི་དམག་སྦྱོང་འོག་གནམ་མཆོངས་པ་རྣམས་ལ་གཟེངས་བསྟོད་ཕྱག་འཁྱེར་གནང༌།
    མཚམས་དེར་བོད་སྒར་བསམ་ཡས་གླིང་གི་བརྒྱ་དཔོན་ལགས་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་བོད་ཀྱི་བསྟན་སྲུང་དང་བླངས་དམག་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་དྲན་རྟེན་སློབ་ཡོན་རྒྱན་དཀྲུག་གནང་བ་དང༌། སྦིར་སྡེ་དགེ་ནས་ཡིན་པ་བུ་མོ་བསྟན་འཛིན་མཚོ་མོ་ལགས་སུ་རྒྱན་ཐོབ་བྱུང་ཡོད་པ་རེད། སྤྱིར་དྲན་རྟེན་སློབ་ཡོན་གཉིས་འབུལ་རྒྱུ་ཡིན་ཡང་གཅིག་གོ་སྒྲིག་ཚོགས་ཆུང་ནས་ལི་ཐང་པ་དཔའ་བོ་རུང་རྒྱས་ཨ་གྲགས་ལགས་ཀྱི་བུ་མོ་གང་རུང་ཞིག་ལ་འབུལ་རྒྱུ་ཐག་གཅོད་བྱུང་ཡོད་པ་རེད། སླར་ཡང་རིམ་པ་བཞིན་དམིགས་བསལ་སྐུ་མགྲོན་སྤྱི་འཐུས་ག་གཟི་དགེ་བཤེས་ཚེ་རིང་པོ་ལགས་དང༌། སྤྱི་འཐུས་རྒྱུན་ལས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་རྒྱུན་ལས་བསོད་ནམས་དགྲ་འདུལ་ལགས་བཅས་ནས་ཆུ་སྒང་བརྒྱ་དཔོན་དང༌། བཅུ་དཔོན། དང་དམག་བཅས་ལ་གཟེངས་བསྟོད་ཕྱག་འཁྱེར་གནང་ཡོད་པ་རེད། ཆུ་སྒང་དབུས་རྒྱུན་ཚོགས་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལགས་དང༌། དབུས་རྒྱུན་ཚོགས་གཞོན་སྨར་ཁམས་ཆོས་འཕེལ་ལགས་གཉིས་ནས་རིམ་པ་བཞིན་ཆུ་སྒང་ས་རྒྱུན་ཟུར་པ་རྣམས་ལ་ངོ་སྤྲོད་ཕྱག་འཁྱེར་གནང་བ་དང༌། གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་ཟུར་གླིང་ཚང་ཚེ་རྡོར་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་འབྲེལ་མཛད་སྒོ་གྲོལ་ཡོད་པ་དང༌། ཕྱི་དྲོ་ཆུ་ཚོད་དྲུག་དང་ཕྱེད་ཀྱི་ཐོག་ལྔ་བཅུ་དུས་དྲན་གོ་སྒྲིག་ཚོགས་ཆུང་གི་རྒྱན་ཤོག་དཀྲུག་འདོན་དང་རྒྱན་ཐོབ་བྱུང་བ་རྣམས་ལ་བྱ་དགའ་གནང་ཡོད་པ་དང༌། དབུས་རྒྱུན་ལས་ནས་ས་རྒྱུན་ཆེ་བ་རྣམས་ལ་ཧིན་སྒོར་༡༥༠༠༠ རེ་དང༌། ས་རྒྱུན་ཆུང་བ་རྣམས་ལ་ཧིན་སྒོར་༡༠༠༠༠ རེ་གནང་ཡོད་པ་དང༌། མ་འོངས་པའི་ལས་དོན་གྱི་བབས་ལ་གཞིགས་ནས་རོགས་རམ་གནང་རྒྱུ་ཡིན་སྐོར་ཡང་མཛད་སྒོའི་ཐོག་ངོ་སྤྲོད་གནང་ཡོད་པ་རེད།།