ལྷག་བསམ་གཞེན་བསྐུལ།

དེང་སང་འཛམ་གླིང་ཤར་ནུབ་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་གཅིག་པུ་ཙམ་མ་ཡིན་པར། ཁུག་ཀྱོག་གི་རྒྱལ་ཁབ་ཆུང་ཚག་རྣམས་སུ་ཡང་ཤེས་ཡོན་སློབ་སྦྱོང་གིས་ཕོངས་པའི་རྨོངས་པ་བྱོལ་སོང་གི་བརྟུལ་ཞུགས་སྐྱོང་བའི་ལམ་ལུགས་ཡོངས་སུ་མཇུག་འགྲིལ་བར་ཉེ་སྟེ་མི་རྣམས་ཤེས་བྱ་རིག་པའི་རྣམ་དཔྱོད་ལང་ཚོའི་རྩལ་ལ་རྣམ་པར་སྦྱངས་ནས་ སོ་སོའི་ཡུལ་ལུང་དང་སྤྱི་ཚོགས་ཡར་རྒྱས་གཏོང་རྒྱུའི་སྲིད་ཞུར་བྲེལ་ཟིང་ཆེ་བའི་དུས་རབས་འདིར། གཞིས་བྱེས་བོད་མིའི་ཆོས་སྲིད་གཉིས་ཀྱི་རླབས་ཆེན་གྱི་དབུ་ཁྲིད་༸སྤྱི་ནོར་ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས། ང་ཚོ་བཙན་བྱལ་བ་ཆགས་པའི་རྗེས་ལ་ལས་འགན་ཆེ་ཤོས་ཤིག་ལ། ཕྲུ་གུ་ཚོར་ཤེས་ཡོན་སློབ་སྦྱོང་སྤྲོད་ཡ་དེ་ལས་འགན་ཨང་དང་པོ་ཞིག་ལ་བརྩིས་ནས་ གཏན་འཇགས་སློབ་གྲྭ་ཁག་དང༌། གཞིས་ཆགས་སློབ་གྲྭ་ཁག་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་བྱས་ནས་གང་མང་བཙུགས་ཡོད། ཅེས་གསུངས་པ་དང༌།

 དེང་དུས་ཀྱི་ཤེས་ཡོན་ལ་བོད་རང་གི་ཆོས་དང་རིག་གཞུང་སློབ་སྦྱོང་གང་ལ་གང་འཚམས་ཐོན་པ་བོད་མི་སྤུས་གཙང་ཡོང་བའི་དམིགས་ཡུལ་གཞིར་བཟུང༌། ཞེས་སོགས་ལམ་སྟོན་བཀའ་སློབ་ཇི་ལྟར་བསྩལ་བ་ལྟར་བྱེས་འབྱོར་ན་གཞོན་རྣམས་གསར་རྙིང་ཤེས་བྱ་རིག་པའི་གནས་སྤྱི་དང༌། བྱེ་བྲག་མི་རིགས་རང་ཉིད་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རང་རང་གང་ལ་མོས་པ་དེ་ལ་རྣམ་དཔྱོད་ཀྱི་རྩལ་ཡོངས་སུ་སྦྱོང་རྒྱུ་བྱུང་བའི་གོ་སྐབས་བླ་ན་མེད་པ་ཞིག་ཐོབ་པ་བེད་ཉེས་ཆུད་ཟོས་སུ་མ་ཤོར་བར་སྦྱངས་བརྩོན་མཐར་ ཕྱིན་ཏེ་གསར་རྙིང་གི་ཤེས་ཡོན་ཟུང་དུ་འཇུག་པའི་རྣམ་དཔྱོད་ཀྱི་གཤོག་རྩལ་གཉིས་ཀ་ཡོངས་སུ་རྫོགས་པའི་ན་གཞོན་སྟོང་ཕྲག་མང་པོ་ཞིག་ཐོན་པ་དང་གཞིས་ནས་ཀྱང་དེ་ལྟར་འབྱོན་པ་བཅས་དེ་རྣམས་འཛམ་གླིང་ན་གཞོན་ཚོ་དང་དཔུང་པ་མཉམ་གཤིབ་ཀྱིས་ཆོས་དང་རིག་གཞུང་སོགས་ཀྱིས་སྤྱི་ཚོགས་ལ་སྲིད་ཞུར་སྒྲུབ་བཞིན་པ་སྨོས་མེད་ཐོག  ། རིས་མེད་ཆོས་སྡེ་རྣམས་སུ་ཡང་བོད་ཀྱི་ན་གཞོན་དང་ཧི་མ་ལ་ཡའི་ན་གཞོན་རྣམས་མཉམ་ རུབ་ཀྱིས་ལམ་བསླབ་པ་གསུམ་གྱི་ཉམས་ལེན། ལུང་སྡེ་སྣོད་གསུམ་གྱི་འཆད་ཉན། །ཐོས་བསམ་སློབ་གཉེར། བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བ་རྣམས་ཕྱིར་སྐལ་ལྡན་དང་བ་འདྲེན་པའི་མིག་ རྒྱན། ནང་འབྱོར་ལྡན་བསོད་ནམས་གསོག་པའི་ཞིང་ས། མདོ་སྔགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བ་དང༌། །དེ་བཞིན་བྱེས་འབྱོར་བོད་གཞུང་གི་མཐའ་དབུས་གཞུང་ཞབས་ལས་བྱེད་སྟེང་འོག་བར་གསུམ་གྱི་གདན་གྲལ་དུ་འཁོད་དེ་ཆོས་སྲིད་ཟུང་དུ་འབྲེལ་བའི་དམངས་གཙོའི་ཆབ་སྲིད་མཛད་ཁུར་ཞུ་རྔོ་ཐོགས་བཞིན་པ་སོགས་མདོར་ན་རང་རང་གང་ལ་མོས་པའི་ཆོས་སྲིད་ ལུགས་གཉིས་ཀྱི་སྲིད་ཞུར་སྒྲུབ་བཞིན་པའི་གནས་ཚུལ་འདི་ནི། ཇི་སྐད་དུ། མཁས་པ་ཡོན་ཏན་ཀུན་བསླབ་པ།  ། མཐར་ཕྱིན་གཅིག་གིས་འཇིག་རྟེན་གསལ། ཞེས་གསུངས་པ་ལྟར། ང་ཚོར་ཕན་ཐོགས་རོགས་རམ་བྱེད་མཁན་བོད་མི་ཚོའི་གཉེན་བཤེས་འཛམ་གླིང་རྒྱལ་ཁབ་མི་མང་ཐམས་ཅད་དགའ་བའི་གནས་དང༌། །དགྲ་བོ་རྒྱ་དམར་གུང་ཁྲན་རྗེས་འབྲང་དང་བཅས་པ་སྙིང་ལ་ཕྲག་དོག་གི་ཟུག་ངུ་སྐྱེ་བའི་ཡུལ། གཞིས་བྱེས་བོད་མི་རྒན་རབས་ཡོངས་ནས་བོད་ལྗོངས་ཆོས་སྲིད་རང་དབང་སླར་གསོའི་རེ་ བའི་མིག་འབུར་གཏོད་ས། འབྱུང་འགྱུར་བོད་ཕྲུག་ན་གཞོན་ཡོངས་ཀྱི་ཡ་རབས་ཀྱི་མིག་དཔེ་བཟང་པོ་ལྟ་ཡུལ་ཞིག་ཏུ་གྱུར་ཡོད། དགྲ་བོས་ཤ་ཁྲག་གཅིག་པའི་གཞིས་བྱེས་བོད་རིགས་སྤུན་ཟླར་མིག་ལ་བུ་རམ་དང༌། །ཁ་ལ་ལ་ཆ་སྟེར་བའི་སྲིད་བྱུས་འགྲོ་འོང་རང་མོས་ཟེར་བ་དང༌། །ཆོས་དང་རང་མོས་ཟེར་བ། དབུལ་བཅོས་ཕྱུག་བསྒྱུར་ཟེར་བ། གུ་ཡངས་སྲིད་བྱུས་ཟེར་བ་སོགས་བསམ་སྟངས་དྲན་སྐྱེས་ཁ་ཡོད་གཏིང་མེད་གློ་བའི་ཐུག་པ་ལྟ་བུ། བོད་མི་ཙམ་མ་ཟད། །འཛམ་གླིང་ཡོངས་རྫོགས་མགོ་སྐོར་བཏང་ཏེ་བསྙོན་ཧམ་ཆེན་པོས་དོན་དུ་བོད་ནང་ཕྱི་ ལོ་1949ནས་དུས་ད་ལྟའི་བར་བཙན་འཛུལ་བཙན་དབང་གདུག་རྩུབ་དམྱལ་བ་མི་ཡུལ་འཕོས་པ་ལྟ་བུའི་ཤི་བསད་ཁྲག་གི་འཁོར་ལོ་སྐོར་བཞིན་པའི་གནས་ཚུལ་འདི་དག ། རང་རང་རྒྱུན་སྤྱོད་དལ་ལྷོད་བག་ཡངས་སུ་མ་ཤོར་བ་ལྷག་བསམ་དང་སེམས་ཤུགས་རྒྱལ་ གཅེས་རིགས་ཞེན་གོང་ནས་གོང་དུ་འཕེལ་བའི་ཛ་དྲག་གི་སྐུལ་འདེད་མངོན་ཏེ། །སང་ཉིན་ལས་དེ་རིང་ཛ་དྲག་པ། །སྒེར་ལས་སྤྱི་གཙོ་ཆེ་བ། རང་ལས་གཞན་གལ་ཆེ་བ། དཔལ་འབྱོར་དང་ལས་འབྲས་གདམས་ཁ་མ་ནོར་བ། ལྷག་པར་དགྲ་བོས་བོད་ཡུལ་མཐའ་དབུས་ཁྱོན་དུ་རྒྱ་རིགས་ཁྲི་འབུམ་མང་པོ་གཞིས་ཆགས་བྱེད་དུ་བཅུག་ཏེ། །བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་བཞིན་པ། ཆོས་ཀྱི་བྱ་བ་ཐམས་ཅད་རྨོངས་དད། རྒྱལ་རབས་ལོ་རྒྱུས་ཐམས་ཅད་མེས་རྒྱལ་དང་ཀྲུང་གོའི་ཆ་ཤས་ཡིན་ཚུལ་ལོག་བཤད་ བྱེད་པ་རི་བོ་ཟོས་མ་འགྲངས་། །རྒྱ་མཚོ་འཐུང་ནས་མ་ངོམ། མིག་མེད་ཀྱང་ལྟ་སྟངས་ངན་པ། སོ་མེད་ཀྱང་ཟ་སྟངས་ངན་པ་འདི་དག་ལ་བརྟེན་ནས་ཁྱེད་ཅག་རྣམས་དམ་པའི་ཆོས་ལ་དད་གུས་དག་སྣང་རྩེ་གཅིག་ཏུ་བཟུང་ཏེ་དཀོན་མཆོག་དང་ལས་འབྲས་ཡིད་ཆེས་བློས་འགེལ་གྱིས་སྐད་ཡིག་རིག་གཞུང༌། །ཡུལ་གོམས་གཤིས་ལུགས། ཆས་གོས་ཆ་ལུགས། ཐ་ན་གླུ་གཞས་སོགས་ཀྱང་རང་ལུགས་བེད་སྤྱོད་གང་ཐུབ་གནང་གལ་ཆེ་བ་དང༌།

 

ཡང་སྒོས་མ་འོངས་བོད་ལྗོངས་ཆབ་སྲིད་ཀྱི་རྨང་གཞི་གལ་ཆེ་ཤོས་གཅིག་ནི་ད་ལྟའི་ན་གཞོན་ཕོ་མོ་ཚང་མས་མི་ཚེའི་མདུན་ཐབས་གཉེན་སྒྲིག་བྱེད་སྟངས་ཤ་ཁྲག་གི་ལོ་རྒྱུས་རྩ་ཆེར་ཡོད་པའི་བོད་སྤྲེལ་ཚའི་རིགས་རྒྱུད་མི་རིགས་གཞན་གྱིས་བསྲེ་ལྷད་ མ་ཤོར་བར་གཟབ་གཟབ་གནང་རྒྱུ་གལ་ཆེ་ཤོས་ཤིག་ཡིན། །དེ་དང་ཕྱོགས་མཚུངས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་ མཁྱེན་ཅིང་གཟིགས་པ་ཆེན་པོས། ཕྲུ་གུ་ཚོའི་ངོས་ནས་གཟབ་གཟབ་བྱེད་རོགས་གྱིས། ཕ་མ་ཚོའི་ངོས་ནས་ཡིན་ནའང་དོ་ཁུར་བླངས་ནས་གཟབ་གཟབ་བྱེད་རོགས་གྱིས། ཕྲུ་གུ་ཤེས་ཡོན་དེ་ཞེ་དྲག་གལ་ཆེན་པོ་རེད། ཞེས་དང༌། སློབ་གྲྭར་འགྲོ་བའི་དུས་ཚོད་ཆུད་ཟོས་ཕྱིན་ན། མི་རབས་གཅིག་གི་མི་ཚེ་ཆུད་ཟོས་སོང་པ་ཡིན་པས། །དེ་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་འཐུས་ཤོར་གྱི་འགན་ཆེན་པོ་ཞིག་ཡིན་ཞེས་ སོགས་བཀའ་དྲིན་གཞལ་མཐའ་བྲལ་བའི་རྩ་ཆེའི་བཀའ་སློབ་རིམ་པར་བསྩལ་བའི་དགོངས་ དོན་མ་ཟད། །ཤེས་རིག་ཚོགས་ཆེན་སྔ་རྗེས་བར་གསུམ་ལ། བྱེས་འབྱོར་བོད་ཕྲུག་རྣམས་ལ་གསར་རྙིང་ཤེས་ཡོན་སློབ་གསོ་སྤེལ་ཕྱོགས་བོད་མི་ རིགས་རང་ཉིད་ཀྱི་དགོས་མཁོ་དང་འཚམས་པའི་ཡར་རྒྱས་གོང་འཕེལ་གཏོང་ཕྱོགས་གང་དགའ་ ཇི་ལེགས་བཀའ་བསྡུར་གྲོས་ཆོད་རིམ་པ་ཕྱག་ལེན་གང་ཐུབ་བསྟར་བཞིན་པའི་སྐབས་འདིར་ དོ་བདག་ཕ་མ་རྣམ་པ་ཚོས་ཀྱང་ཤེས་ཡོན་ལ་མཐོང་ཆེན་མི་བྱེད་པའི་སྔོན་ཞེན་མཁྲེགས་ བཟུང་སྤངས་ཏེ་རང་གི་བུ་ཕྲུག་རྣམས་ཀྱི་ཆེད་སྲོག་དང་བསྡོས་ཏེ་དཔལ་འབྱོར་གསོག་ བསྒྲུབ་བྱེད་རྒྱུའི་ཚབ་ཏུ་ཕྲུ་གུ་སློབ་གྲྭར་ཆད་ལུས་མེད་པར་སྐྱེལ་གཏོང་དང༌། བརྩོན་འགྲུས་ལ་སྐུལ་ལྕག་སོགས་མདོར་ན་སོ་སོའི་ཕྲུ་གུའི་ལུས་སེམས་བོད་མི་ཚད་ ལྡན་ཞིག་འབྱུང་ཐབས་གསོ་སྐྱོང་ཐུབ་པ་ཡིན་ན་དེ་ནི་སོ་སོའི་རྒྱལ་ཁབ་དང་མི་ རིགས་ཀྱི་སྲིད་ཞུ་བླ་ན་མེད་པ་ཞིག་བསྒྲུབས་པ་ཡིན། དེ་ལས་ཀྱང་གལ་ཆེ་ཤོས་དང་གཙོ་ཆེ་ཤོས་ནི་སློབ་ཕྲུག་ཕོ་མོ་རྒན་གཞོན་སུ་ཡིན་ ཡང༌། །མཁྱེན་བརྩེ་གཉིས་ལྡན་དྲིན་ཅན་དགེ་རྒན་རྣམས་ཀྱིས་ཅི་གསུངས་བཀའ་བཞིན་ བསྒྲུབས་ ཏེ་ཡ་རབས་སྤྱོད་བཟང་རང་རྒྱུ་མཚན་དུ་བྱས་ནས་ཉེས་སྐྱོན་སྤངས་པའི་ངོ་ཚ་དང༌། གཞན་རྒྱུ་མཚན་དུ་བྱས་ཏེ་ཉེས་སྤྱོད་སྤངས་པའི་ཁྲེལ་གཞུང༌། དྲན་ཤེས་བག་ཡོད་བཅས་ཀྱིས་རང་གིས་རང་ངན་དུ་མ་འཇུག་པར་གཞི་རིམ་དང་མཐོ་སློབ་ སྒྲིག་ཁྲིམས་ལ་བརྩི་སྲུང་ཚུལ་བཞིན་བྱས་ཏེ། རྗེས་སུ་བོད་མི་མཚན་ཉིད་དང་ལྡན་པ་ཞིག་འབྱུང་ཐབས་སུ་མི་རིགས་རང་ཉིད་ཀྱི་སྐད་ དང༌། ཡི་གེ  ཆོས་དང་རིག་གཞུང༌། ཐ་ན་ཡིག་གཟུགས་ཚུན་ལའང་མཐོང་ཆུང་ཁྱད་གསོད་མ་སོང་བར་གཙིགས་བཟུང་ཐོག ། དེང་དུས་ཀྱི་ཤེས་ཡོན་ལ་སྦྱང་བརྩོན་གང་ཐུབ་དེ་དང་ཆབས་ཅིག་ལུས་ངག་སྤྱོད་ལམ་ འཐུས་ཤོར་མ་བཏང་པར་གོང་ཞུས་བོད་རིགས་ན་གཞོན་སྔོན་ཐོན་རྣམས་ཀྱི་གོམ་རྗེས་ ཟིན་ཐབས་གཟབ་གཟབ་བྱེད་གལ་དང༌། དེ་མིན་ན་གཞོན་ཕོ་མོ་སུ་ཡིན་ཡང་ཕ་མས་སློབ་གྲྭར་མ་བཏང་ན་མི་ཚེར་འདོ་མེད་ ལྐུགས་པ་ཆགས་རྒྱུ་སྨོས་ཅི་དགོས། གལ་སྲིད་སློབ་གྲྭར་བཏང་ཡང་རང་ཉིད་སློབ་གྲྭར་ཚུད་ཙམ་ལས་རང་དགོས་ཤེས་ཡོན་ལ་ སྦྱང་བརྩོན་བྱེད་རྒྱུ་ལྟ་ཞོག་ཉིན་མཚུན་དུས་དྲུག་གྲོགས་ངན་ཁོ་ནའི་རྗེས་སུ་ འབྲངས་ཏེ་སློབ་གྲྭའི་སྒྲིག་འགལ་འབའ་ཞིག་གིས་དུས་ཚོད་ཕུལ་ནས་མཐར་ཤེས་བྱ་ཡོན་ ཏན་སྣ་གཅིག་གཏད་སོ་འདི་ཡིན་མེད་པར་ཡིག་རྒྱུགས་མ་འཕྲོད་པའམ། ཤ་ཚ་གོ་ལོགས་ཅན་གྱིས་རོགས་སྐྱོར་བྱས་པ། ཡང་ན་མགོ་བདེ་དྲན་འཕྲུལ་གྱིས་ཡིག་རྒྱུགས་སྤྲད་པ་སོགས་རང་མགོ་རང་གིས་བསྐོར་ ནས་སློབ་གྲྭ་ཐོན་དགོས་བྱུང་ཚེ། དེ་ནི་རང་སྐལ་རང་གིས་བཅད་པ། ཆུ་ལེན་བན་སྟོང་རང་གཞན་གཉིས་ཕུང༌། དགྲ་དགའ་གཉེན་སྡུག ། ཇི་སྐད་དུ། ཁེངས་དྲེགགས་སྤྱོད་པ་རྩིང་བ་ལ། ། དོན་མེད་རྣམས་ཀྱང་དགྲ་རུ་སྡང༌། ཞེས་གསུངས་པ་ལྟར་འབྱུང་ངེས་པ་མ་ཟད། གཞིས་བྱེས་རྒྱ་ཆེ་མི་མང་གི་རེ་བ་ཚུད་ཟོས། ཕ་མ་དགེ་རྒན་ཐམས་ཅད་ཐུགས་ཕམ་སྐྱེ་བའི་གཞི། རྒྱ་གར་གཞུང་མང་སོགས་རོགས་ཚོགས་ཁག་དང་བོད་གཞུང་ནས་སློབ་གྲོན་ཇི་ཙམ་བཏང་བ་ ཐམས་ཅད་དོན་མེད་འཕྲོ་བརླག ། ཚེ་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་༸གོང་ས་སྐྱབས་མགོན་༸གོང་ས་མཆོག་གི་བཀའ་དང་ རྒྱབ་འགལ། བོད་མིའི་ནང་གི་ཐ་ཤལ། དགྲ་བོའི་སྡོང་གྲོགས་ཐབས་སྡུག་ནང་གི་ཡང་སྡུག ། རྗེས་སུ་རང་ཉིད་ན་ཚོད་ལོང་བའི་སྐབས་རང་མགོ་རང་གིས་མ་ཐོན་པར་ངུ་བྲོ་བའི་ཉིན་ མོ་ཞིག་འབྱུང་མི་སྲིད་པ་མིན་པས་དེ་སྐབས་བློ་འགྱོད་བྱས་ཀྱང་རིན་ཐང་བྲལ་བའི་ སློབ་སྦྱོང་གི་གོ་སྐབས་ཡང་བསྐྱར་རྙེད་ཐབས་མེད་པའི་གནས་ཚུལ་འདི་དག་མ་འོངས་ སྔོན་བསུས་ཀྱིས་ཅི་ནས་ཀྱང་ཡིད་གཟབ་བྱེད་དགོས། གལ་སྲིད་དེས་ཀྱང་མ་ཕན་ན་ཇི་སྐད་དུ་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལས། གང་ཞིག་མཁས་པ་ཡོད་བཞིན་དུ། ། དེ་ལས་ཡོན་ཏན་མི་ལེན་ན། ། མིན་དེ་གདོན་གྱིས་བཏབ་པ་འམ། ། ཡང་ན་ལས་ཀྱིས་མནར་བ་ཡིན། ། ཞེས་གསུངས་ཡོད་པས་མཁས་དབང་དགེ་བའི་བཤེས་གཉེན་རྣམས་ལས་རྒྱབ་ཀྱི་ཕྱོགས་ཏེ་ ལེགས་བཤད་ཉན་འདོད་མེད་པ་དང༌། ཡོན་ཏན་སྦྱང་འདོད་མེད་པའི་བློ་ངན་ཤར་ཚེ་སྔོན་བསགས་ལས་དང་བསོད་ནམས་དམན་པའི་ རྐྱེན་ཡིན་པས་དེའི་ཐབས་སུ་སྔ་དགོང་སློབ་གྲྭའི་ཞལ་འདོན་ཚོགས་སྐབས་སྐྱབས་ འགྲོ་རྣམ་དག་ངང་དོན་བཟང་པོ་ཡིད་ལ་བསམ་ཞིང་ཚིག་བཟང་པོ་ངག་ནས་བཏོན་ཏེ་གདུང་ ཤུགས་དྲག་པོས་སྨོན་འདེབས་བྱེད་པ་དང༌ཆབས་ཅིག་རྒྱུན་དུ་དགེ་སྡིག་བླང་དོར་ ཚོགས་གསོག་སྒྲིབ་སྦྱོང་བསོན་ནམས་བྲེ་གསོག་ཕུལ་གསོག་བྱས་ན། ཇི་སྐད་དུ། བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། ། ཅེས་གསུངས་པས་ནམ་ཞིག་སྔ་འགྱོད་ཕྱི་སྡོམ་གྱིས་བོད་རིགས་ན་གཞོན་མཚན་ཉིད་དང་ ལྡན་པ་ཀུན་གྱིས་བསྔགས་བརྗོད་མེ་ཏོག་འཐོར་བའི་གནས་དམ་པ་ཞིག་ཏུ་འགྱུར་ངེས་ ལགས་ན་གོང་དུ་གསོལ་འདེབས་གང་ཞུས་དེ་དོན་ཕྱག་ལེན་ལ་འཁེལ་བ་ཅིས་ཀྱང་མཁྱེན། མཁྱེན། །

ཞེས་རང་གཞུང་ཤེས་རིག་སློབ་དགེ་ལས་ཟུར་

དགའ་ཤར་སློབ་དགེ་བྱམས་པ་ཆོས་གྲགས་ཀྱིས་

སྙིང་ཐག་པ་ནས་རེ་འདུན་ཞུ།