བལ་ཡུལ་དུ་བོད་དོན་ལས་འགུལ་བ་འཇུ་བཟུང།
ཕྱི་ཚེས་༢༦ ནི་རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་ཉིན་མོར་ཁེལ་ཡོད་པས་འཛིན་བཟུང་བྱས་པའི་བོད་མི་རྣམས་ཀྱིས་དུས་སྐབས་དེ་དང་བསྟུན་ནས་སྔར་ནས་གྲ་སྒྲིག་བྱས་ཐོག་ཞོགས་པ་ཆུ་ཚོད་༤ ཙམ་ལ་བལ་ཡུལ་གྱི་རྒྱལ་ས་ཀ་ཐཱ་མན་ཌུ་ནས་རླངས་འཁོར་དུ་བསྡད་ནས་སོང་ཡོད་པ་དང། ཁོང་རྣམས་བལ་བོད་གཉིས་ཀྱི་ས་མཚམས་འགྲམ་དུ་ཕྱིན་ནས་བོད་དོན་དང་འབྲེལ་བའི་ངོ་རྒོལ་སྐད་འབོད་བྱེད་འཆར་ཡོད་འདུག་ཀྱང་འགྲམ་གྲོང་བརྡལ་ལ་འབྱོར་བར་སྤྱི་ལེ་༣༠ ཙམ་གྱི་ས་ནས་ཉེན་རྟོག་པས་བཀག་ནས་རྡུང་རྡེག་བཏང་བ་དང། ཕྱིར་བལ་ཡུལ་རྒྱལ་སར་ཁྲིད་ནས་བཙོན་ཁང་དུ་བཀག་ཉར་བྱས་ཏེ། ངོ་རྒོལ་བྱེད་མི་ཆོག་པའི་གཞུང་གི་བཀའ་རྒྱ་ཡོད་ལུགས་ཀྱང་བརྗོད་ཡོད་འདུག ལས་འགུལ་བ་དེ་དག་གི་ཁྲོད་དུ་བུད་མེད་བརྒྱད་དང། གཞན་རྣམས་སྐྱེས་པ་ཡིན་པ་དང། ཁོང་རྣམས་ཀྱི་དམིགས་ཡུལ་དང་འཆར་གཞི་བཞིན་འགྲུབ་མེད་ཀྱང་། སྐབས་དེར་བོད་ནང་དུ་ཞི་བདེ་མི་འདུག བོད་མི་དམར་གསོད་བཏང་སོང། ང་ཚོ་བོད་མི་ཡིན་ཡང་བོད་དུ་འགྲོ་ཆོག་གི་མེད་པ་རེད། བོད་རང་བཙན་ཡིན། ཞེས་སོགས་སྐད་འབོད་རིགས་སྣ་ཚོགས་བྱས་ཡོད་པ་རེད། ཉེན་རྟོག་པས་བརྗོད་པ་ལྟར་ན། ཁོང་ཚོས་འགྲམ་བར་དུ་གླས་པའི་རླངས་འཁོར་དེ་ཕྱིར་རྒྱལ་ས་ཀ་ཐཱ་མན་ཌུར་བསློགས་པ་དང་བོད་མི་ལས་འགུལ་བ་རྣམས་ལ་ཡུལ་སྤོ་བའི་ཁྲིམས་ཀྱི་དོན་ཚན་འོག་ཐག་ཆོད་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག
ཕྱི་ཚེས་༢༨ ཉིན་བོད་མི་ལས་འགུལ་བ་རྣམས་གློད་གྲོལ་བཏང་ཡོད་ནའང། ཚེས་༢༩ ཉིན་རྒྱལ་སྤྱིའི་ལས་ཁང་དུ་ཁྲིད་ཡོད་པ་རེད། རྒྱ་ནག་གཞུང་ཚབ་ཀྱིས་བལ་ཡུལ་གཞུང་ལ་བོད་དོན་ལས་འགུལ་བཀག་དགོས་པའི་ཉེན་བརྡ་བསྐྱར་དུ་བཏང་ཡོད་པ་རེད།།
