བལ་ཡུལ་དུ་བོད་མི་ངོ་རྒོལ་བ་འཇུ་བཟུང།

ཨེ་ཨེབ་པི་གསར་ཁང་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཟླ་༧ ཚེས་༡༤ ཉིན་བལ་ཡུལ་རྒྱལ་ས་ཀ་ཐ་མན་ཌུ་རུ་བོད་མི་རྣམས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ནས་བོད་མི་༢༥ བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག  ཞི་བའི་སྐད་འབོད་འདིའི་ནང་བོད་རང་བཙན་ཡིན། བོད་ནང་དུ་མི་གསོད་མཚམས་འཇོག་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་གཉིད་སད་རོགས། དྲང་བདེན་གང་དུ་ཡོད། བོད་ནང་སྲོག་གཅོད་ལ་ཞིབ་འཇུག་བྱེད་དགོས་ཞེས་སོགས་འབོད་ཚིག་བསྒྲགས་ཡོད་པ་དང། ཉེན་རྟོག་པས་བོད་མི་སྐད་འབོད་བ་རྣམས་འཕྲལ་དུ་འཛིན་བཟུང་གིས་བཀག་ཉར་ཁང་དུ་ཁྲིད་ཡོད་པ་རེད། འདས་པའི་བདུན་སྔོན་མའི་ནང་བལ་ཡུལ་གཞུང་གིས་བལ་ཡུལ་དང་རྒྱ་ནག་ལ་གནོད་པའི་ལས་འགུལ་གང་འདྲ་ཞིག་སྤེལ་རུང་ཚེ་བཙོན་ཡིན་ཞེས་ཉེན་བརྡ་བཏང་ཡོད་པ་རེད།།