འཛམ་གླིང་གིས་རྒྱ་ནག་ངོ་མ་དེ་མཐོང་དགོས་ཟེར།
འདིའི་དམིགས་ཡུལ་གཙོ་བོ་ནི་དེང་སྐབས་ནུབ་ཕྱོགས་པའི་བརྙན་འཕྲིན་བརྒྱུད་ལམ་ནས་ཐོན་བཞིན་པའི་རྒྱ་ནག་ལ་འཁྱོག་བཤད་བྱས་པ་རྣམས། རྫུན་གཏམ་ཡིན་པ་ངོས་འཛིན་ཐུབ་ཆེད་དང༌། རྒྱ་ནག་གི་གནས་སྟངས་དངོས་གནས་དེ་མཐོང་བའི་ཆེད་དུ་ཡིན་ཞེས་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད་པ་རེད།
དེ་ཡང་རྒྱ་ནག་དབུས་གཞུང་བརྙན་འཕྲིན་ལས་ཁུང་གི་འགན་འཛིན་གཞོན་པ་ཀྲང་ཁྲང་མིག་གིས། ང་ཚོའི་ལས་འཆར་འདིའི་འོག་ནས་ཆུ་ཚོད་༢༤ རིང་ལ་ཨ་རབ་ཀྱི་སྐད་ཐོག་ནས་གསར་འགྱུར་དང༌། རྩེད་རིགས་འགྲན་བསྡུར། རིག་གཞུང་འཁྲབ་སྟོན་སོགས་བྱེད་རྒྱུ་ཡིན་ཞིང༌། རྒྱ་གཞུང་གི་འཆར་འགོད་འདིའི་དམིགས་ཡུལ་གཙོ་བོ་ནི་གོ་ལའི་སྟེང་ཁྱབ་དར་ཆེ་བའི་བརྙན་འཕྲིན་ཁག་གི་བརྒྱུད་ལམ་རྣམས་སྟངས་འཛིན་བྱེད་རྒྱུ་དང༌། ནུབ་ཕྱོགས་པའི་བརྙན་འཕྲིན་བརྒྱུད་ལམ་ཁག་གི་འཁྱོག་བཤད་རྣམས་ཐེར་འདོན་བྱེད་དེ། དཀྱིལ་ཤར་རྒྱལ་ཁབ་ཁག་དང་ལྷོ་ཨ་ཧྤི་རི་ཁའི་རྒྱལ་ཁབ་ཁག་གིས་རྒྱ་ནག་དངོས་གནས་དེ་མཐོང་ཆེད་དུ་བཙུགས་པ་ཡིན་ཞེས་དང༌། ཡང་ཁོང་གིས། སྐད་ཡིག་སྣ་འཛོམས་དང་ཆ་ཤས་སྣ་འཛོམས། གསར་འགྱུར་སྣ་འཛོམས་ནི་དེང་སྐབས་རྒྱ་ནག་ལ་མཚོན་ན་ཧ་ཅང་གལ་འགངས་ཆེན་པོ་ཆགས་ཡོད་ལ། ངའི་ངོས་ནས་འཛམ་གླིང་གིས་རྒྱ་ནག་ཤེས་རྟོགས་ཡོང་རྒྱུ་དང༌། རྒྱ་ནག་གིས་སྔ་ལས་ལྷག་པ་འཛམ་གླིང་ཤེས་རྟོགས་ཡོང་ཐུབ་རྒྱུའི་རེ་བ་རྒྱག་བཞིན་ཡོད་ཅེས་བརྗོད་ཡོད་པ་རེད།
སྤྱིར་རྒྱ་ནག་དབུས་གཞུང་བརྙན་འཕྲིན་ལས་ཁུང་ནས་དབྱིན་སྐད་དང༌། ཧཕ་རན་སི། སིའ་པན་ནི་ཤིའ། རྒྱ་ནག་རང་གི་སྐད་བཅས་སྐད་ཡིག་ཆེན་པོ་༤ ཡི་ཐོག་ནས་གསར་འགྱུར་གཏོང་བཞིན་ཡོད་པ་དང༌། ཉེ་དུས་གསར་འཛུགས་བྱས་པའི་ཨ་རབ་ཀྱི་སྐད་ཐོག་གི་བརྙན་འཕྲིན་བརྒྱུད་ལམ་གསར་པ་དེར་གསར་འགྱུར་ཤོད་མཁན་མི་གྲངས་༨༠ ལྷག་ཙམ་གྲ་སྒྲིག་བྱས་ཡོད་པ་དེ། རྒྱལ་ཁབ་༢༢ ཙམ་གྱིས་ནང་ཁྱབ་ཐུབ་ཀྱི་ཡོད་པ་དང༌། རྒྱལ་ཁབ་དེ་དག་ནང་མི་འབོར་ས་ཡ་༣༠༠ ལྷག་ཙམ་ཟིན་འགྲོ་ཡི་ཡོད་པས། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་དེ་ཧ་ཅང་ཁྱབ་ཚད་ཆེན་པོ་ཆགས་ཡོད་པ་དང༌། ད་དུང་འདི་ལོའི་ཟླ་བ་༩ པའི་ནང་ཨུ་རུ་སུའི་སྐད་ཐོག་ནས་བརྒྱུད་ལམ་གསར་འཛུགས་བྱེད་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད་པ་རེད། རྒྱ་སྐད་ཐོག་ནས་འཛམ་གླིང་རྒྱལ་སྤྱིའི་ཚགས་པ་དེ་ལོ་འདིའི་ཟླ་བ་༤ པའི་ནང་དབྱིན་སྐད་ཐོག་ནས་བཏོན་ཡོད་པ་དེ། རྒྱ་ནག་མི་མང་གི་མངོན་འདུན་ནུབ་ཕྱོགས་པར་སྟོན་ཆེད་དུ་ཡིན་ཞེས་བརྗོད་ཡོད་པ་རེད།
གསར་འགྱུར་དབྱེ་ཞིབ་པ་ཚོས། དེང་སྐབས་རྒྱ་ནག་གིས་ཁ་ཆེའི་རྒྱལ་ཁབ་ཁག་དང་འབྲེལ་ལམ་གསར་འཛུགས་བྱེད་དོན་གཙོ་བོ་ནི། ཤིན་ཅང་གི་གྱེན་ལངས་དེ་ལ་ཁ་ཆེའི་རྒྱལ་ཁབ་མང་པོས་རྒྱབ་སྐྱོར་བྱས་ཡོད་པ་དང༌། དམིགས་བསལ་གྱིས་ཁ་ཆེའི་འཇིགས་སྐུལ་རིང་ལུགས་པས་རྒྱ་ནག་ལ་ཉེན་བརྡ་མང་པོ་བཏང་ཡོད་པར་བསླུ་ཐབས་སུ། ཁ་ཆེའི་རྒྱལ་ཁབ་ཁག་ལ་འབྲེལ་ལམ་གསར་འཛུགས་བྱས་ཡོད་པ་རེད་ཅེས་དང༌། ཡང་རྒྱ་ནག་གིས་ནུབ་ཕྱོགས་པའི་འཁྱོག་བཤད་འགོག་ཆེད་དུ་ཡིན་ཞེས་བརྗོད་པའི་དོན་ནི། ལོ་སྔོན་མ་བོད་པའི་གྱེན་ལངས་དེར་ནུབ་ཕྱོགས་པས་རྒྱབ་སྐྱོར་བྱས་ཏེ་འཁྱོག་བཤད་བྱས་ཡོད་པ་ལས། དོན་དངོས་ཐོག་རྒྱ་ནག་ལ་ནག་ཉེས་མེད་ཚུལ་གྱིས་རྫུན་གཏམ་བསྒྲིགས་པ་རེད་ཅེས། གསར་ལམ་ཁག་ནས་ཁྱབ་བསྒྲགས་བྱས་ཡོད་པ་རེད།