ང་བོད་ཡིན་ཟེར་རྒྱུ་ངོ་ཚ་ཡི་འདུག
ཁ་ནས་བོད་ཀྱི་སྤྱི་དོན་ཤར་ཤར་གླེང་།།
ལག་ནས་རང་གི་འཚོ་བ་ངན་ངོན་ཙམ།།
སྲུང་ནས་ཉིན་མཚན་དབྱེར་མེད་ལས་ཀར་བྲེལ།།
བྲེལ་བའི་ཐ་མར་དངུལ་ཡང་བྲེལ་བས་འཁྱེར།།
དྲན་པའི་ནང་དུ་གཟུགས་མེད་ཆལ་བོ་ཞིག།
ཆལ་བོའི་ལས་དེ་བྱེད་རྒྱུར་སྤྱང་གྲང་ལྡན།།
བདེན་པའི་ལས་ཤིག་ཉིན་མོའི་སྐར་མའི་སྤུན།།
མི་དགོས་ལས་རྣམས་མཚན་མོའི་སྐར་ཚོགས་ལྟར།།
གང་དུ་ཕྱིན་ཡང་སྒྱུ་མའི་འཁོར་ལ་རྒྱུགས།།
ཅི་ཞིག་བྱས་ཀྱང་ཕུགས་མེད་ངལ་བའི་རྒྱུ།།
གང་ཞིག་བཤད་ཀྱང་དོན་མེད་གྱང་ཁའི་རྩྭ།།
ཅི་ཞིག་བྲིས་ཀྱང་ཚིག་སྟོང་བྲག་ཆའི་སྒྲ།།
རིག་སར་ཚུལ་ཆོས་ཁོ་ནའི་ལུས་པོ་སྲུང་།།
མི་རིག་ས་ནས་ཅི་བྱེད་ཆད་མེད་ཅིག།
ཕྱི་ནང་ཁ་ཁར་གྱུར་བ་ལུས་སེམས་གཉིས།།
དོན་ལ་མི་ཟས་ཟོས་པ་ཆུད་ཟོས་རེད།།
བོད་པ་ཡིན་ཡང་བོད་ནས་མ་བསྡད་པར།།
རང་ཡུལ་སྐྱུར་ནས་སྡར་མའི་ཚུལ་ཏུ་བྲོས།།
གཞན་གྱི་ཡུལ་ནས་རང་དབང་ཡོད་ན་ཡང་།།
རང་དབང་དོན་ཏུ་ལས་ཀ་བྱས་མྱོང་མོད།།
འདི་འདྲའི་ང་རང་བོད་མི་ཡིན་པ་ལས།།
བོད་ཀྱི་སྒོ་ཟོག་སེམས་ཅན་ཡིན་ན་བཟང་།།
སྒོ་ཟོག་སེམས་ཅན་ཡིན་ཡང་རང་སར་ཡོད།།
རང་སའི་ཡུལ་ནས་རྩྭ་ཆུ་འཐུང་བཞིན་ཡོད།།
