དགེ་ལུཌ་རྒྱུཌ་སྤྲོད་སྐོར་གྱི་བསམ་ཆར་ཁ་སྣོན།

ཁྱེད་རྣམས་ཀྱིས་སྤྱི་ཚོགས་ཀྱི་བདེ་དོན་ལ་ཐུགས་ཁུར་བཞེས་པ་ནི་ཤིན་ཏུ་རླབས་ཆེན་ཞིག་རེད། ཅེས་སྤྱི་ཟླ་༠༧པའི་ཚེས་༠༧་གྱི་རེ་གཟའ་མིག་དམར་ཉིན་དངོས་སུ་བསྔགས་བརྗོད་ཀྱི་རྩོམ་ཡིག་བཀོད་ཅིང་།དེའི་རྗེས་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་གཞུང་འབྲེལ་མིན་པའི་ཐོན་དང་པོའི་བདུན་རེ་གསར་ཤོག་བོད་ཀྱི་བང་ཆེན་འདོན་ཐེངས་༢༣༧་པའི་ཤོག་ངོས་གཉིས་པའི་ཐོག་ཏུའང་། དེང་སང་སློབ་གཉེར་བ་གང་མང་ཞིག་ནས་ཁྱེད་ཀྱི་བསམ་ཚུལ་དང་གཅིག་མཚུངས་སུ་སློབ་ཡུན་རིང་དྲག་པའི་སྐྱོན་གྱིས་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་མི་ནུས་སྙམ་པའི་དངངས་འཚབ་བྱེད་ཀྱི་ཡོད། ཅེས་དངོས་སུ་བདེན་དཔང་གི་རྒྱབ་སྐྱོར་གནང་བ་སོགས་ནི་ངའི་ལྷག་བསམ་རྣམ་དག་གི་བསམ་ཚུལ་གྱི་ཟུངས་ཤུགས་ཇེ་རྒྱས་སུ་བཏང་བས་མ་ཚད།རྣོ་ངར་ཅན་གྱི་རླབས་ཆེན་གྱི་བསྐུལ་འདེད་ཤིག་ཀྱང་ཡིན།དེས་ན་ད་ཐེངས་སླར་ཡང་རྒྱུ་མཚན་ཇེ་གསལ་དང་བསམ་ཚུལ་ཇེ་མང་གི་ཕྱོགས་སུ་མདུན་སྐྱོད་དང་གོམ་བགྲོད་བྱས་པ་ཡིན།གོང་ཞུའི་ཁོ་བོའི་རྩོམ་ཡིག་གི་ནང་དོན་གཙོ་བོ་ནི་དགེ་ལྡན་མཐོ་སློབ་ཁང་གི་རྒྱུགས་སྤྲོད་ཀྱི་ལས་གཞི་འདི་འཛམ་གླིང་གི་མཐོ་སློབ་གང་ཞིག་དང་མི་འདྲ་ཞིང་། ཁྱད་པར་དུ་གྲྭ་རྒྱུན་འགོག་པའི་ལས་གཞི་ཞིག་ཏུ་འགྱུར་ཉེན་ཆེ་བ་དང་། དགེ་ལུགས་རྒྱུགས་སྤྲོད་ཚགས་ཚུད་པོའི་ཐོག་ནས་ཤེས་ཡོན་གཤོག་རྩལ་གཉིས་ལྡན་གྱིས་མྱུར་ལམ་བརྒྱུད་དེ་དེང་རབས་གོང་མའི་གླིང་ཁར་ཕུར་ཐབས་བྱེད་དགོས་པ་དང་། དེ་ཡང་ཐབས་ལམ་དང་སྒྲོམ་གཞི་གསལ་པོར་བཀོད་དེ་དེང་རབས་ཅན་གྱི་སློབ་སྦྱོང་གི་ཁ་ཕྱོགས་བསྙེག་དགོས་ཀྱི་འདུག་ཟེར་བ་དེ་ཡིན། འཛམ་གླིང་གི་ས་ཆ་དང་ཡུལ་ལུང་གང་གི་མཐོ་སློབ་ཡིན་ཡང་དེ་ནས་མཐོ་རིམ་གྱི་ལག་ཁྱེར་ཞིག་ཐོབ་ན་དུས་དེ་ནས་བཟུང་མི་དེར་མཐོ་རིམ་པ་ཞིག་ཏུ་ཆ་འཇོག་བྱེད་ཀྱི་ཡོད། བོད་པ་དེ་དང་མི་འདྲ་བར་མཐོ་རིམ་སློབ་གྲྭའི་མཚན་བྱང་ཐོག་ཡོད་བཞིན་པའི་དགོན་སྡེ་ཁག་ནས་རང་ཚུགས་ཀྱིས་མཐོ་རིམ་ལག་ཁྱེར་སྤྲོད་ཐུབ་ཀྱི་མེད་ལ།གལ་སྲིད་སྤྲད་པའི་དབང་དུ་བཏང་ཡང་རང་ཁོངས་ནས་ངོས་ལེན་བྱེད་མི་ནུས་པའི་རྟགས་མཚན་གསལ་པོ་ཡོད་པ་སྟེ།གདན་སའི་གྲྭ་ཚང་སོ་སོའི་ཁོངས་ནས་རྒྱུགས་སྤྲོད་དང་འཛིན་གྲྭ་ནས་ཐོན་ཡང་གཞི་ནས་དགེ་ལུགས་རྒྱུགས་སྤྲོད་ལ་མ་ཞུགས་ན་གོང་ཞུས་ཀྱི་མཐོ་སློབ་ནས་ཐོན་ཡང་རང་བབ་ཀྱི་རིན་ཐང་དེར་བརྩི་འཇོག་བྱེད་ཀྱི་མེད། དགེ་ལུགས་པའི་མཚོན་པའི་དགོན་སྡེ་ཁག་གི་ཐོངས་དང་རིན་ཐང་ཐད་དངོས་ཐོག་བདེན་འཚོལ་གྱི་ཡར་རྒྱས་གཏོང་དགོས་ཀྱི་ཡོད་ན། མཚན་ཉིད་རིག་པའི་མཐོ་རིམ་པའམ་ནང་པའི་མཐོ་རིམ་པའི་མཚན་བྱང་འོག་ཡོད་ཚད་ལ་ཆ་འཇོག་བྱས་ནས་དེས་སྤྲད་པའི་ལག་ཁྱེར་ལ་ཐོངས་ཆེན་ཞུ་དགོས་ཀྱི་ཡོད་པ་རེད། དེ་འདྲའི་གནས་ཚུལ་ཡང་དག་པ་ཞིག་བྱུང་ན།ཡར་རྒྱས་དང་རེ་བ་ཡང་སྔར་དང་མི་འདྲ་བར་ཆེན་པོ་ཡོད། དཀའ་ཚེགས་ཆེ་ལ་ཉོབ་སྣང་དོད་པའི་བརྒྱུད་ལམ་འདི་འདྲ་ཞིག་བརྒྱུད་དགོས་བྱུང་ན། ལྷག་པར་མི་རབས་གསར་པ་ཚོས་དེ་ལྟབུའི་ལམ་ཁར་གདོང་ལེན་བྱེད་མི་ནུས་པར་བློ་ཐག་རྦད་བཅད་ཀྱིས་འགྲེལ་བཤད་བྱེད་མཁན་ཉིན་རེ་ནས་ཉིན་རེར་བོད་པའི་མཁས་པ་དང་ཉམས་མྱོང་ཅན་ཚོའི་ཁྲོད་དུ་མང་རུ་ཡོང་གི་ཡོད། དགེ་ལུགས་ རྒྱུགས་སྤྲོད་སྐོར་གྱི་རྩོམ་ཡིག་སྔ་མར་སློབ་སྦྱོང་ལ་རྒྱུན་བསྲིང་དགོས་ཀྱི་མ་རེད་ཅེས་བྲིས་མེད་ལ། སློབ་སྦྱོང་གི་དུས་ཚོད་རང་གིས་སློབ་སྦྱོང་རྒྱུན་བསྲིང་དགོས་པ་དང་། དེ་ཡང་སྣ་མང་རང་བཞིན་ཅན་གྱི་ཤེས་བྱ་ལ་དོ་སྣང་བྱེད་པ་ལས། དོན་མེད་དུས་ཚོད་མང་པོ་ཞིག་སྔར་སྲོལ་བཟང་པོ་རེད་ཟེར་ནས་ཡག་ཉེ་ལ་མི་ལྟ་བ་དང་། དུས་རབས་གྱི་འགྱུར་འགྲོས་དང་མཐུན་མིན་ལ་མི་ལྟ་བར་ལམ་ཁ་དེར་ཤར་སྐྱོད་བྱས་ན་ཏག་ཏག་སྡོད་ཀྱི་ཡོད་མེད་བསམ་བློ་གཏོང་དགོས་པ་ཞིག་ཏུ་སྣང།རྩ་ཆའི་རིན་ཐང་བྲལ་བའི་མཚན་ཉིད་སློབ་སྦྱོང་ལ་འཐུས་ཤོར་བཏང་བ་དེས་དགེ་ལུགས་རྒྱུགས་སྤྲོད་སོགས་མེད་དུ་མི་རུང་བའི་གལ་ཆེའི་བྱེ་སྒོ་ཁག་ཀྱང་རང་བཞིན་གྱིས་ཕྱི་བཤོལ་ཐེབས་ཀྱི་ཡོད་པ་རེད། མིག་དཔེར་འོས་པ་དང་ཁ་མིག་ཡར་ལྟ་བྱ་སའི་རྗེ་བདག་ཉིད་ཆེན་པོས་ཀྱང་སྔར་སྲོལ་བཟང་པོ་ལ་ལྟ་བ་མཁྲེགས་བཟུང་མཛད་པའི་རྣམ་ཐར་ཁུངས་དག་ཅིག་མི་རྙེད་ལ། ཆུའི་གཉེར་མ་བཞིན་གྱི་བྱེད་སྒོ་ཉི་ཚེ་བ་དེ་དག་གི་ཚེ་ན་དུས་ཚོད་སྟོང་ཟད་དང་འདྲ་བ་མ་ཟད། ངལ་བ་དང་དཀའ་ཚེགས་ཤིན་ཏུ་ཆེ་བས་འཕྲོད་བསྟེན་དང་སློབ་སྦྱོང་སོགས་ཀྱི་གོ་སྐབས་གཞན་ལའང་གནོད་སྐྱོན་ཚད་ལས་བརྒལ་བ་ཐེབས་ཀྱི་ཡོད། དངོས་ཡོད་ཀྱི་ཁེ་ཕན་ལ་མི་ལྟ་བར་ཨུ་ཚུགས་མཐར་སྐྱེལ་གཅིག་པུས་ལམ་སྣེ་ཡང་དག་ཅིག་རྙེད་རྒྱུར་ཁག་པོ་རེད།རིམ་གྲོ་ཁོ་ནས་ཁུངས་མི་ཁྱོལ་བ་རང་ཡུལ་མི་ལག་ཏུ་ཤོར་བའི་ལོ་རྒྱུས་ཀྱི་དྲན་གསོ་ཐེངས་གཅིག་རང་གིས་གསལ་པོར་རྟོགས་ཐུབ་ཀྱི་ཡོད། སློབ་སྦྱོང་ལ་རྒྱུན་བསྲིང་གི་ཡིན་ཟེར་ན། ཡི་རངས་དང་བསྔགས་བརྗོད་ཡོད་ཀྱང་སྐད་ཆ་དེ་ཁ་ལ་ཁྱེར་ནས་ཟ་ཉལ་རྒྱབ་སྟེ། རྐང་བརྐྱངས་ལག་བརྐྱངས་གིས་སྤྱི་ཚོགས་སུ་ལས་འགན་སྣ་གཅིག་ཀྱང་ཁུར་འདོད་མེད་པ་ནི་ཞེ་ཐག་པ་ནས་དང་ལེན་ནམ་ཡང་ཞུ་འདོད་མེད། འདི་ནི་བསམ་པ་དཀར་པོའི་ཡོ་བསྲང་བྱེད་པ་ལས། ཆོས་ལ་ངོ་རྒོལ་དང་བླ་མ་ལ་དད་ལོག། དགེ་འདུན་ལ་ལོག་སྨོན་དང་མཁས་པ་ལ་ཟུར་ཟ་སོགས་ཀྱི་ངོས་འཛིན་བྱས་ན། དེ་ནི་ཆེད་དུ་རྙོག་གླེང་བཟོ་འདོད་ཀྱི་བསམ་པ་ཙམ་ལས་རྩོམ་ཡིག་འདིའི་ནང་དོན་མ་རྟོགས་པ་ཡིན་པས་དེའི་རིགས་ལ་ག་དུས་ཡང་ཡ་ལན་བྱ་རྩིས་མེད།