ཞི་བདེའི་གཟེངས་རྟགས་དུས་དྲན་དང་བོད་དོན་གོམ་བགྲོད་ལས་འགུལ།
ཟླ་འདིའི་ཚེས་༡༠ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་སྤེལ་ཀོབ་བོད་མིའི་གཞིས་ཁུལ་དུ་༧གོང་ས་མཆོག་གིས་ནོ་སྤེལ་ཞིི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཧྲིལ་པོ་༢༥ འཁོར་བའི་དུས་དྲན་དང་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩིའི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།
མཛད་སྒོའི་ཐོག་དགའ་ལྡན་ཁྲི་བ་རི་རྫོང་རིན་པོ་ཆེ་དང་བྱང་རྩེ་ཆོས་རྗེ་རིན་པོ་ཆེ། ཆོས་རིགས་བཀའ་ཟུར་ཚེ་རིང་ཕུན་ཚོགས་བཅས་ཀྱིས་གཙོས་གདན་ས་གྲྭ་ཚང་ཁག་གི་བླ་སྤྲུལ་དགེ་བཤེས་རྣམ་པ་དང་། བོད་མི་སྤྱི་འཐུས་འཇིག་མེད་འབྱུང་གནས་བཅས་ཀྱི་གཙོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཕྱི་ནང་སྐུ་མགྲོན་དང་སེར་སྐྱ་མི་མང་སྟོང་ཕྲག་བརྒལ་བ་འདུ་འཛོམས་བྱུང་ཡོད་པ་རེད།
དེ་ཡང་ཐོག་མར་དུས་དྲན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་རིན་པོ་ཆེས་དུས་དྲན་དང་འབྲེལ་བའི་གལ་ཆེའི་གསུང་བཤད་གནང་སྐབས། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཛམ་གླིང་སྤྱི་དང་ཡང་སྒོས་བོད་གངས་ཅན་པ་རྣམས་ལ་བསྐྱངས་པའི་བླ་ན་མེད་པའི་མཛད་པར་བཀའ་དྲིན་རྗེས་དྲན་ཞུ་དགོས་སྐོར་དང་། སངས་རྒྱས་ཀྱི་བསྟན་པ་ནི་འཛམ་གླིང་གི་བདེ་སྐྱིད་ཀྱི་འབྱུང་གནས་ལྟ་བུ་ཆགས་ཡོད་པ་མ་ཟད་བསྟན་པ་དེ་གནས་མིན་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ཉག་གཅིག་ལ་རག་ལས་ཡོད་སྟབས། ཚང་མས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཅི་གསུང་བཀའ་བརྩི་དང་ལེན་ཞུ་དགོས་པ་རེད་ཅེས་སོགས་གསུངས་ཡོད་པ་རེད།
རང་གཞུང་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་གཉིས་ཀྱི་གསུང་འཕྲིན་རིམ་པས་སྒྲོགས་སྦྱང་རྗེས། སྦེལ་ཀོབ་ལུགས་བསམ་ས་གནས་འགོ་འཛིན་ཀརྨ་དགྲ་འདུལ་གྱིས་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་ཉིན་མོ་འདི་ནས་བཟུང་སྦེལ་ཀོབ་བོད་མིའི་གཞིས་ཆགས་ནང་ཁུལ་དུ་འགྱིག་ཤོག་བེད་སྤྱོད་མི་བྱེད་པའི་འབོད་སྐུལ་ཡང་གནང་སོང་།
དེ་བཞིན་༧གོང་ས་མཆོག་གིས་ཞི་བདེ་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དང་སྟབས་བསྟུན་ནས་ལོ་ངོ་ཉེར་ལྔ་ཧྲིལ་པོར་སློབ་དགེའི་ཞབས་ཞུ་ཞུ་མཁན་དགེ་རྒན་ཁག་ཅིག་དང་། སློབ་ཕྲུག་རྩེ་ཕུད་ཁག་ཅིག་ལ་ཡང་གཟེངས་བསྟོད་དང་ཕྱག་འཁྱེར་བཅས་གནང་ཡོད་པ་དང་། སྙུག་ཚོགས་ཞེས་པ་ནས་འདོན་སྤེལ་བྱས་པའི་ནང་དོན་རིག་པའི་རྒྱུན་ཤེས་ཞེས་པའི་དེབ་གཅིག་ཀྱང་དགའ་ལྡན་ཁྲི་པས་དབུ་འབྱེད་གནང་བ་བཅས་ཀྱི་མཛད་སྒོའི་ལས་རིམ་ཁག་གྲུབ་པ་དང་ཆབས་ཅིག་སྦེལ་ཀོབ་ལྷ་མོ་ཚོགས་པ་དང་སློབ་ཕྲུག་བཅས་ནས་རིག་གཞུང་དང་འབྲེལ་བའི་གཞས་སྣ་འཁྲབ་སྟོན་བྱས་ཡོད་པ་རེད།
གཞན་ཡང་ཉིན་འདིར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་སྟབས་བསྟུན་ནས་སྦེལ་ཀོབ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས་ཐུན་མོང་གི་གོ་སྒྲིག་འོག་རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པ་དེར་ངོ་རྒོལ་མཚོན་ཆེད་ཚོགས་མི་༡༥༠ ལྷག་དང་མེ་སོར་ཁུལ་གྱི་བོད་མི་སུད་ཚོང་བ་ཁག་ཅིག་བཅས་ནས་མངའ་སྡེའི་གྲོང་ཁྱེར་མེ་སོར་དུ་ངག་བཅད་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་རེད།
དེ་ཡང་སྦེལ་ཀོབ་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མས་ལས་འགུལ་སྤེལ་ཡུལ་ས་གནས་ནས་འགྲེལ་བརྗོད་གནང་དོན་ལྟར་ན། ལས་འགུལ་བ་ཚོས་ངོ་རྒོལ་འབོད་ཚིག་འཁོད་པའི་འཕྲེད་དར་དང་ཡིག་བྱང་སྣ་ཚོགས་ཁྱེར་ནས་མེ་སོར་གྲོང་ཁྱེར་གྱི་རྒྱལ་ཁང་མདུན་ཐང་ནས་འགོ་འཛུགས་ཀྱིས་མེ་སོར་རྫོང་དཔོན་ལས་ཁུངས་བར་གོམ་བགྲོད་བྱས་རྗེས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་བོད་དོན་སྐོར་གྱི་སྙན་ཞུ་ཞིག་ཀྱང་མངའ་སྡེའི་རྫོང་དཔོན་བརྒྱུད་ཕུལ་ཡོད་པ་་མ་ཟད་ཡུལ་སྐད་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་ཀྱི་ཡིག་ཆ་ཞིག་ཀྱང་ཡུལ་མི་ལ་འགྲེམས་སྤེལ་བྱས་ཡོད་སྐོར་སོགས་འགྲེལ་བརྗོད་གནང་སོང་།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།
