ཚད་ཆེན་བགྲོ་གླེང་ཐེངས་དང་པོ་འཚོགས་ཡོད་པ་རེད།
ཟླ་འདིའི་ཚེས་༢༣ནས་༢༦ བར་ཉིན་བཞིའི་རིང་༧གོང་ས་མཆོག་གིས་ལམ་་རིམ་གསུང་ཆོས་དང་སྟབས་བསྟུན། གཉའ་ཁྲི་ཆོས་རིག་ཞབས་ཞུ་རིས་མེད་བོད་ཀྱི་དཔེ་མཛོད་ཁང་གིས་གོ་སྒྲིག་འོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གདན་ས་ཆེན་པོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་གི་བླ་སྤྱིའི་འདུ་ཁང་ཆེན་མོའི་ནང་ཚད་ཆེན་བགྲོ་གླེང་ཐེངས་དང་པོ་འཚོགས་ཡོད་པ་རེད།
དེར་གདན་ས་གསུམ་གྲྭ་ཚང་དྲུག་ནས་གདན་ཞུས་ཕེབས་པའི་དགེ་བཤེས་ལྷ་རམས་པ་གྲགས་གྲས་བཅུ་ཕྲག་ཉེ་བས་མཁན་ཆེན་ཞི་བ་འཚོས་མཛད་པའི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་གཞན་སྡེའི་བདག་དང་། རང་སྡེའི་བདག་མེད་འདོད་ཚུལ། མངོན་སུམ་དང་། རྗེས་དཔག་ཚད་མ་བརྟགས་པའི་རབ་བྱེད་སོགས་ཀྱི་ཐོག་མཁས་པའི་བགྲོ་གླེང་ཐེངས་དང་པོའི་ཐོག་གདན་ཞུས་སྐུ་མགྲོན་གདན་ས་གསུམ་གྱི་ནང་ནས་དགེ་བཤེས་ཁག་གཅིག་དང་གཞན་ཡང་དོན་གཉེར་ཅན་གྱི་དགེ་འདུན་པ་ཁག་ཕེབས་ཡོད་པ་རེད།
ཚད་ཆེན་བགྲོ་གླེང་ཚོགས་དགོས་པའི་དམིགས་ཡུལ་གང་ཡིན་སྐོར་ལ་གཉའ་ཁྲི་དཔེ་མཛོད་འགན་འཛིན་ངག་དབང་སྟོབས་ལྡན་ ལ་བཅར་འདྲི་ཞུས་པར། གཙོ་བོ་དེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོ་ཡི་སྲུང་བརྩིའི་ཆ་ཤས་སུ་དམིགས་ཏེ་ཚོད་ཆེན་བགྲོ་གླེང་འདི་གོ་སྒྲིག་ཞུས་པ་ཡིན་ལ། ལྷག་པར་དུ་རང་ཡུལ་གངས་ཅན་ལྗོངས་སུ་མཁན་སློབ་ཆོས་གསུམ་གདན་འཛོམས་གནང་སྟེ་དམ་པའི་ཆོས་ཀྱི་སྣང་བ་ཆེས་ཆེར་རྒྱས་པ་དང་། ལྷག་པར་དུ་མཁན་ཆེན་ཞི་བ་འཚོ་ནི་བོད་དུ་རབ་བྱུང་གི་སྡེའི་ཐོག་མ་སྦ་གསལ་སྣང་སོགས་སད་མི་མི་བདུན་རབ་ཏུ་བྱུང་བའི་མཁན་པོ་མཛད་པ་དང་། ཁོང་གིས་མཛད་པའི་བསྟན་བཅོས་མཐའ་ཡས་པའི་ནང་ནས་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་ནི་ཕྱི་ནང་གཉིས་ཀའི་འདོད་པ་རྒྱས་པ་བསྟན་པའི་ཚད་མའི་གཞུང་གྲགས་ཅན་ཞིག་ཡིན་པ་དང་།
སྤྱིར་བཏང་བོད་དུ་ཚད་མ་རིག་པའི་གཞུང་བསྒྱུར་བ་ནས་བཟུང་ཕྱོགས་གླང་ཡབ་སྲས་ཀྱིས་མཛད་པའི་ཚད་མའི་གཞུང་ཆེན་དག་ལ་གཙོ་བོར་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་ལམ་སྲོལ་བཟང་པོ་རྒྱ་གར་འཕགས་ཡུལ་དུ་འགྲན་བཟོད་པ་ལྟ་བུར་བྱུང་ཡང་། ཚད་ཆེན་འདི་ཉིད་ནི་བོད་དུ་བསྒྱུར་ཡང་འཆད་ཉན་གྱི་སྲོལ་དག་ལ་དར་རྒུད་སྣ་ཚོགས་བྱུང་ནས་ད་ཆར་བོད་ཀྱི་བཤད་གྲྭ་ཁག་ཏུ་གཞུང་འདི་ཉིད་དམིགས་སུ་བཀར་ནས་ཆ་ལག་ཡོངས་རྫོགས་ལ་སློབ་གཉེར་བྱེད་པའི་སྲོལ་དེ་ཕལ་ཆེར་ཉམ་གྱི་ཡོད་པ་སོགས་ལ་བརྟེན། སྐྱེ་འགྲོ་ཡོངས་ཀྱི་ཞི་བདེའི་ཉི་མ་ཆེན་པོ་༧གོང་ས་སྐྱབས་མགོན་ཕྱག་ན་པདྨོ་མཆོག་གིས་ཉེ་བའི་ལོ་ཤས་ནང་གདན་ས་གསུམ་གཙོས་པའི་རིས་མེད་ཆོས་སྡེ་ཁག་གི་སྤྱི་སྒེར་གང་མང་ཞིག་ལ་ཚད་ཆེན་གྱི་གཞུང་ཆེན་འདི་ཉིད་ལ་སློབ་སྦྱོང་དང་རྒྱུས་ཡོད་བྱེད་དགོས་པའི་བཀའ་ནན་ལན་མང་ཕེབས་པ་གཞིར་བྱས་ཏེ་འདི་ལོ་ནི་མགོན་པོ་མཆོག་གིས་མི་ལོ་བཅུ་ཕྲག་དུ་མར་རང་ཅག་བོད་འབངས་གཙོས་པའི་སྐྱེ་འགྲོ་ཡོངས་ཀྱིས་བསྐལ་བའི་བར་དུ་གཞལ་ཐབས་བྲལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོ་ཡི་སྲུང་བརྩིའི་ཆ་ཤས་སུ་སློབ་གཉེར་བ་རྣམས་ཀྱིས་ཀྱང་ཕྲག་ལ་བབ་པའི་འོས་འགན་ཞིག་ཀྱང་མཐོང་ནས། དགོས་པ་དང་རྒྱུ་མཚན་དུ་མར་དམིགས་ཏེ་ཚད་ཆེན་བགྲོ་གླེང་ཐེངས་དང་པོ་ཞི་འཚོ དགྱེས་པའི་མཆོད་སྤྲིན་འདི་ཉིད་གོ་སྒྲིག་ཞུས་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་སོང་།།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།
