ཁྱི་མགོ་ཅན་གྱི་དྲ་གྲོགས་ཚོ།
ཁྱོད་ཀྱིས་ཀྱང་ལྟོས་དང་ལངས་སང་ཤེས་ངེས། ཁྱི་བཏགས་ཅན་གྱིས་བྲིས་པའི་ཟིན་བྲིས་འདི་ཚོ་ངོ་མ་ཁྱི་དེའི་ཁ་ནས་ཐོན་པ་དང་གཅིག་མཚུངས་རེད་འདུག་ཨ།
ཆོལ་གསུམ་གཅིག་བསྒྲིལ་གྱི་དགོས་པ་མི་ཤེས། །
ཆོས་ལུགས་དབེན་དཀྲུགས་ཀྱི་ཉེས་པ་མི་ཤེས། །
མཁས་དང་གོང་མ་ལ་བརྩི་གུས་མི་ཤེས། །
ལྷ་འདྲེ་བཟང་ངན་གྱི་དབྱེ་བ་མི་ཤེས། །
ངོ་མ་་་འབྲོག་ཁྱི་དེས་རང་ཉིད་ཀྱི་ངོ་བོ་ཚང་མ་མཚོན་ཐུབ་འདུག འདི་ཉིད་སྐུ་རྩེད་ཙམ་ཞིག་ཡིན། དྲ་རྒྱ་འདིར་འཛུལ་ནས་ང་ལ་དགའ་སྐྱོ་ཟུང་གི་ཚོར་བ་སྣོ་པོ་ཞིག་སྤྲད་བྱུང་། དགའ་བའི་གནས་ནི་དྲ་གྲོགས་ཚོས་བྲིས་པའི་སྙན་ངག་ལས་དབྱངས་ཅན་ལྷ་མོའི་དགོངས་དོན་རྟོགས་ཐུབ། སྐྱོ་དགོས་པ་ནི་ས་སྐྱ་པཎ་ཆེན་གྱིས་གསུངས་པ་བཞིན།
བློ་གྲོས་ཞན་པའི་འདོད་གཏམ་དང་། །ཅང་ཤེས་མིན་པའི་རྟ་མཆོག་དང་། །གཡུལ་ངོར་ལྷུང་བའི་རལ་གྲི་རྣམས། །སུ་ཡི་གྲོགས་འགྱུར་ངེས་པ་མེད། །
ཅེས་གསུངས་པ་བཞིན་ཆགས་འདུག རང་གི་རིགས་གནས་དེ་སྦྱངས་ནས་རང་གིས་མི་རིགས་འདི་ཡང་དག་པའི་ལམ་ཞིག་ཏུ་འཁྲིད་ན་འདོད་དམ་ཕྱོགས་རིས་ཕྲག་དོག་གི་གཡང་ས་འཕང་ན་འདོད། ང་ཚོ་གཅིག་རྒྱབ་གཉིས་ལངས་བྱེད་ནས་ང་ཁྱོད་རྩོད་ལན་བྱེད་པ་དེ་བོད་མི་རིགས་ལ་བཞག་པའི་ལག་རྗེས་ཤིག་ཡིན་ནམ། ཁྱོད་ཀྱིས་རྩོམ་འབྲི་སྦྱང་དགོས་པའི་དམིགས་ཡུལ་དེ་ཡིན་ནམ། གལ་ཏེ་དེ་ལྟར་ཡིན་ཚེ། དེ་༧རྒྱལ་བའི་དགོངས་པ་དང་མཐུན་མིན་ལ་བསམ་བཞིགས་ཤིག་བྱེད་ཡོད་དམ།
ཁྱོད་ལ་བློ་ཁོག་ཡོད་ན། །མདུང་ཁ་དགྲ་ལ་ཕྱོགས་དང་། །
ང་ཡིས་རལ་གྲི་འཕྱར་ནས། །དགྲ་བོའི་གཡུལ་ལས་རྒྱལ་ཆོག །
ཁྱོད་ལ་སྙན་ངག་ཡོད་ན། །བདེན་པའི་རྩོམ་ཞིག་འབྲི་དང་། །
ཤོག་བུ་སྣག་ཚ་ལ་སོགས། །ང་ཡིས་གྲ་བསྒྲིག་ཞུ་ཆོག །
ཁྱོད་ལ་ཁ་ལྕེ་ཡོད་ན། །མི་རིགས་སློབ་གསོ་བརྒྱག་དང་། །
ང་ཡིས་ཁྱོད་ལ་བསྟོད་པ། །མེ་ཏོག་བཞིན་དུ་འཐོར་ཆོག །