རང་གི་རྒྱན་ཆ་བཙོང་ནས་བོད་ཕྲུག་ཚོའི་སློབ་ཡོན་ཆེད་དུ་ཕུལ་ཡིན།
བོད་རིགས་ཁྱིམ་ཚང་སྨར་ཁམས་དུང་དཀར་ཚང་གིས་ཤེས་རིག་ལས་ཁུངས་ལ་བོད་རིགས་སློབ་མ་ཚོར་སློབ་ཡོན་གྱི་མཐུན་རྐྱེན་བསྐྲུན་ཆེད་ཨ་སྒོར་འབུམ་གཅིག་ཞལ་འདེབས་སྤྲད་ཡོད་འདུག
ཁོང་གི་མིང་ལ་དུང་དཀར་ཚང་ཟླ་དབྱངས་ཟེར་གྱི་ཡོད་པ་དང་། སྐྱེས་ཡུལ་ཁམས་སྨར་ཁམས་ནས་ཡིན་འདུག ༢༠༠༢ ལོར་རྒྱ་གར་དུ་ཡོང་སྟེ། ད་ལྟ་ཨ་རིའི་ནིའུ་ཡོག་ཏུ་བསྡད་ཡོད་འདུག
ཁོང་གིས་གནས་ཚུལ་དེའི་སྐོར་གསར་འགོད་པར་འགྲེལ་བརྗོད་གནང་དོན། “སློབ་ཡོན་དེ་སྤྲོད་དགོས་དོན་གཙོ་བོ། ༧གོང་ས་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་ཤེས་ཡོན་ནི་གལ་ཆེན་ཡིན་པ་ཙམ་དུ་མ་ཟད། ང་ཚོའི་བོད་པའི་སྤྱི་ཚོགས་ནང་དུ་དེ་བས་གལ་ཆེན་པོ་ཡིན་པ་བཀའ་སློབ་སློབ་རིམ་པ་མང་པོ་གནང་ཡོད་པས། ཁོང་གི་བཀའ་དགོངས་གཞིར་བཟུང་། སྲིད་སྐྱོང་གིས་དབུ་ཁྲིད་པའི་སྐབས་བཅུ་བཞི་པའི་བཀའ་ཤག་གི་ལྟ་གྲུབ་ཤེས་ཡོན་དེ་ཧ་ཅང་གལ་ཆེན་དུ་བརྩིས་ནས། ལོ་ཉི་ཤུའི་ནང་ཁྱད་ལས་པ་ཁྲི་གཅིག་བཙན་བྱོལ་ནང་ནས་ཐོན་པའི་རེ་བ་ལ་རྒྱབ་སྐྱོར་དང་། བཀའ་ཤག་གི་ལྟ་གྲུབ་རང་ཁ་རང་གསོ་བྱས་ཏེ། སོ་སོའི་རི་རིགས་ལ་སོ་སོས་བདག་པོ་རྒྱུ་གལ་ཆེན་དུ་མཐོང་ནས་སློབ་ཡོན་དེ་སྤྲད་པ་ཡིན་”ཞེས་གསུངས་སོང།
དུང་དཀར་ཚང་ཟླ་དབྱངས་ཀྱིས་སློབ་ཡོན་དངུལ་དེའི་ཡོང་ཁུངས་སྐོར་གསུང་དོན། “སྤྱིར་བཏང་ཕྱི་ལོག་ན་བོད་མི་ཚོས་འཚོ་བ་སྐྱེལ་སྟངས་གཅིག་མཚུངས་རེད། ངས་ཀྱང་ཨ་རིར་ལས་ཀ་བྱས་ནས་བསྡད་ཡོད། ང་ལ་ཕ་མས་བཞག་པའི་རྒྱན་ཆ་ཕྲན་བུ་ཡོད་པ་དེ་དག་དངུལ་ལ་བསྒྱུར་ནས་སློབ་ཡོན་དེ་སྤྲད་པ་ཡིན། ང་ཚོའི་སྤྱི་ཚོགས་ནང་ང་ཚོའི་མི་ཚང་འདྲ་བ་མང་པོ་ཡོད་པས། ཚང་མས་འཕྱར་གྲུ་མཉམ་འདེགས་དང་། སྤྱི་ལ་ཕན་པའི་དམིགས་ཡུལ་བཟུང་ན་ལས་དོན་གང་མང་སྒྲུབ་ཐུབ་པའི་རེ་བ་ཡོད་”ཅེས་འགྲེལ་བརྗོད་བྱས་སོང་།
གསར་འགོད་པ་ཆོས་ཉིད་འོད་ཟེར།