ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱི་འདས་མཆོད།
ཟླ་འདིའི་ཚེས་༡༤ ནས་ཉིན་གསུམ་རིང་གནས་མཆོག་རྡོ་རྗེ་གདན་བྱང་ཆུབ་ཤིང་གིས་དྲུང་དུ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱི་འདས་མཆོད་སྨོན་ལམ་སྐབས་༡༢ པ་འཚོགས་གནང་ཡོད་པ་རེད།
འདས་མཆོད་སྨོན་ལམ་གྱི་ཚོགས་མགོན་དུ་མཁན་ཆེན་རྣམ་གྲོལ་ཚེ་རིང་དབུ་བཞུགས་ཐོག་རིས་སུ་མ་ཆད་པའི་དགེ་འདུན་པ་ཆིག་སྟོང་ལྷག་མཉམ་འཛོམས་བྱུང་ཡོད་པ་དང་། འདས་མཆོད་ཉིན་གཉིས་པའི་ཞོགས་པར་མཁན་ཆེན་རྣམ་གྲོལ་ཚེ་རིང་གིས་འཇམ་དཔལ་མཚན་བརྗོད་དང་། བཟང་སྤྱོད་སྨོན་ལམ། ཀུན་བཟང་ཞིང་ཉི། ཚེ་རབས་རྗེས་འཛིན་སོགས་ཀྱི་ལྗགས་ལུང་གནང་བ་མ་ཟད། འདས་མཆོད་སྨོན་ལམ་འཚོགས་དགོས་པའི་རྒྱུ་མཚན་རྫོགས་པ་ཆེན་པོ་རིག་པ་རང་ཤར་གྱི་རྒྱུད་སོགས་ཀྱི་ལུང་དྲངས་ནས་བཀའ་སློབ་གནང་ཡོད་པ་རེད།
དེ་བཞིན་འདས་མཆོད་སྨོན་ལམ་གོ་སྒྲིག་ཚོགས་ཆུང་གི་རྒྱུན་ལས་གསར་འདེམས་གནང་ཡོད་པ་དང་། འདི་ལོ་ནས་བཟུང་མཁན་ཆེན་རྣམ་གྲོལ་ཚེ་རིང་འདས་མཆོད་གོ་སྒྲིག་ཚོགས་པའི་སློབ་སྟོན་པར་བཞུགས་རྒྱུའི་ཞལ་བཞེས་ཐོབ་ཡོད་པ་རེད་ཅེས་འདས་མཆོད་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་མཁན་པོ་འཇམ་དཔལ་བསྟན་འཛོན་གྱིས་འགྲེལ་བརྗོད་གནང་སོང་།།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།