སྔ་མོ་རང་ལ་འདི་ལྟར་སེམས་གསོའི་སྡོམ་ཚིག་བཙལ།

༠༦།༠༩།༠༥ཉིན་བྲིས།
༡༧
རྟེན་འབྱུང་གི་བསམ་བློ་ནི། ནང་ཆོས་ཉམས་ལེན་ཐར་ཕྱིན་བྱེད་མཁན་གྱི་སྐྱེ་བུ་ཞིག་གི་ལས་འགན་ཡིན་ཞིང་། འཚེ་བ་སྤང་བའི་ལས་ཀ་དེ་ནི་རང་ཉིད་སྲུང་སྐྱོབས་བྱེད་མཁན་གྱི་སྲུང་མ་ཡིན།
༡༨
མི་ཡུལ་བས་ལས་བཟང་ངན་གང་ཞིག་ལ། ཡིད་གཏོད་བྱེད་ཐུབ་མིན་དེ་ནི། མཐར་ཐུག་ན་རང་ཉིད་ཀྱི་རྣམ་དཔྱོད་གཅིག་བུ་ལ་རེག་ལས་པ་ཡིན།
༡༩
ལམ་ཞེས་པ་ནི་མི་ཚང་མ་འགྲོ་ས་ཞིག་ཡིན། ལམ་ལ་འདྲ་མིན་སྣ་ཚོགས་ཤིག་ཡོད། ཐོག་མར་ལམ་འདྲ་མིན་སྣ་ཚོགས་སུ་ཞུགས་དེ་འགྲོ་མཁན་ཡང་མི་ཡིན་པས། རང་གི་ལམ་ཁ་བཟང་ངན་གང་ཞིག་དུ་འགྲོ་མིན་གྱི་རང་དབང་ཡང་། རང་ཉིད་ཁོ་ན་ལ་ཡོད་པ་ཞིག་ཡིན།
༢༦།༡༠།༠༥ཉིན་བྲིས།
༢༠
རང་ཉིད་བློ་གྲོས་ལྡན་པའི་མི་ཞིག་བྱེད་འདོད་ཡོད་ན། རང་ཉིད་སྐྱེ་སའི་མི་རིགས་སྐྱབས་མེད་དུ་ལུས་ཡོད་པ་ཞིག་ཡིན་ན། རང་ཉིད་མི་རིགས་དེའི་ཆེད་དུ་ཕྱོགས་སྟོན་བྱེད་མཁན་གྱི་མི་སྣ་ཞིག་ཅིས་ཀྱང་བྱེད་དགོས་སོ།
༢༡
རང་ཉིད་སྐྱེ་སའི་མི་རིགས་དེ་རང་དབང་ལྡན་པའི་སྤྱི་ཚོགས་ཤིག་དུ་ཕྱོགས་ཤིང་འཚོ་ཡོད་ན། མི་རིགས་དེའི་ཆེད་དུ་བྱམས་བརྩེ་དང་སྙིང་རྗེའི་ཕོ་ཉ་ཞིག་ཅིས་ཀྱང་བྱེད་ཐུབ་པར་འབད་བརྩོན་བྱེད་དགོས།
༢༢
རང་ཉིད་སྐྱེ་སའི་ཁོར་ཡུག་ན། དམག་འཁྲུག་དང་དམར་འཛིང་། མུ་གེ་སོགས་ཀྱི་ཁྲོད་དུ་ལུས་ཡོད་ན། ཞི་བདེ་དང་ལྷིང་འཇག་བསྐྲུན་མཁན་གྱི་མི་སྣ་ཞིག་ཅིས་ཀྱང་བྱེད་པར་རང་ཉིད་ལ་འགན་ཡོད་པ་ཤེས་དགོས།
༢༣
རང་ཉིད་སྐྱེ་སའི་མི་ཡུལ་ན། ཞི་བདེ་དང་ལྷིང་འཇག་ལ་གནས་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་ན། ཐར་བ་དང་ཐམས་མཁྱེན་པའི་ཞིང་ཁམས་སྙེགས་མཁན་གྱི་དམ་པ་ཞིག་བྱེད་པར་དམ་བཅའ་འཇོག་པ་དང་བརྩོན་འགྲུས་ལྷོད་མེད་གནང་དགོས་ཀྱི་ཡོད།
༢༤
རང་ཉིད་སྐྱེ་སའི་མི་ཡུལ་ན། མུན་ནག་ཁྲོད་དུ་གཉིད་སྟུག་པོ་ཞིག་གིས་བཟུང་ཡོད་ཚེ། འོད་གསལ་གྱི་མུན་པ་སེལ་པའི་སྨན་སྔགས་བཟློ་མཁན་གྱི་དགྲ་བཅོམ་པའི་གོ་གནས་ཟིན་མཁན་གྱི་སངས་གྲོལ་ཞིག་ཆགས་པར་ཉེ་རང་ཕྱོགས་ཞེན་འདོར་དགོས།
༡༩།༡༡།༠༥ཉིན་བྲིས།
༢༥
གང་ཞིག་བྱེད་འདོད་ཀྱི་བསམ་བློ་འཁོར་བ་དང་ལྷན་དུ། བྱ་བ་དེ་ལེགས་ཉེས་ཅི་བྱུང་གི་གྲྭ་སྒྲིག་དུས་མཉམ་དུ་བྱེད་དགོས།
༢༦
ལམ་ཞིག་རྙེད་པ་ན། ལམ་ཁ་དེ་ནི་ཀྱག་ཀྱོག་དང་དཀའ་ཚེགས་ཆེ་བར་ཅིས་ཀྱང་ངོས་ཟིན་པའི་སྒོ་ནས། ལམ་དེའི་ཁྲོད་དུ་སྙིང་སྟོབས་ལྡན་པའི་ངང་དུ་བསྐྱོད་ཐུབ་པ་དགོས། དེ་ལྟར་བྱས་པ་ཡིན་ད་གཟོད་མཐར་ཐུག་གི་རྒྱལ་ཁ་ཡོད།
༢༧
ཤ་ལ་དགའ་བའི་མི་ཞིག་ཡིན་ན། ཤ་དེ་ནི་ཟ་མ་རན་གོང་དུ། ཤ་ཟོས་ནས་རང་གི་གཟུགས་པོའི་བདེ་ཐང་དང་དབུགས་ཐོག་གཞན་གྱི་ཚེ་སྲོག་ལ་བརྩི་བཀུར་བྱེད་མཁན་གྱི་གང་ཟག་ཁྲོད་དུ་རང་ཉིད་ཡོད་མེད་དེར་བསམ་བློ་གཏོང་དགོས་པ་དང་། རང་ཉིད་ཤ་ལ་ཅིའི་ཕྱིར་དགའ་བ་ཤེས་པར་རིག་པའི་དཔྱད་ན་ཧ་ཅང་ལེགས་པོ་ཡོད་ལ་དུད་འགྲོ་གཞན་གྱི་ཚེ་སྲོག་ལ་འགན་ལེན་བྱེད་པར་ཕན་ཐོག་ཡོད།
༢༨
སྐབས་རེར་མི་ཞིག་མཐོང་བ་ཙམ་གྱིས། རང་ཉིད་ལ་གཟོོད་མི་བདེ་བའི་ཚོར་བ་ཞིག་ཡོང་སྐབས། མི་བདེ་བའི་ཚོར་བ་རང་ཉིད་ལ་བྱུང་བའི་གནད་འགག་རང་ཉིད་ལ་ཐུག་ཡོད་དུས། ཅིས་ཀྱང་རང་ཉིད་ཀྱི་ཚོར་བ་དེའི་འཁོར་ཕྱོགས་འཚོལ་ཐུབ་པ་བྱེད་དགོས། ཚོར་བ་དེ་ངོས་ཟིན་ཐོབ་ན་ད་གཟོད་མི་སུ་ཞིག་མཐོང་ཡང་མ་བདེ་བའི་ཚོར་བ་དེ་ཡོང་མི་སྲིད་པ་ཡིན།
༢༩
ཚུར་སྐད་ཆ་རྩུབ་མོ་ཞིག་བཤད་དེ་འོང་དུས། ཕར་སྐད་ཆ་རྩུབ་མོ་བཤད་དགོས་པར་གཏན་ནས་བསམ་མི་རང་། ཁྱེད་རང་གིས་ཅིས་ཀྱང་སྐད་ཆ་འཇམ་པོ་བཤད་ཐུབ་པ་དགོས། སྐད་ཆ་འཇམ་པོ་བཤད་པ་ཙམ་གྱིས་སྡར་མ་ཡིན་པར་ཐག་གཅོད་བྱེད་མཁན་མེད་ལ། ཡོད་སྲིད་ཀྱང་། དེ་ནི་རང་གཤིས་ལ་ལྷད་ཞུགས་པའི་མི་དག་ཡིན། བཤད་པའི་སྐད་ཆ་འཇམ་པོ་ཟེར་བ་ནི། གཡོ་སྒྱུ་དང་ཁྲེལ་གཞུང་མེད་པའི་གཏམ་དག་མིན་པ་ཤེས་པའི་བསམ་བློ་ཞིག་འཁུར་ནས་སྐད་ཆ་བཤད་དགོས་ཀྱི་ཡོད་པ་དེ་ཡིན།
༣༠
རང་ཉིད་གང་དུ་གནས་ཡོད་མེད་ཀྱི་བསམ་ཤེས་བཏང་རྗེས་སུ། ཤེས་རབ་ཀྱི་འབད་པ་ལྷོད་མེད་བྱེད་རྒྱུ་ལས་ཕྱིར་ནུར་རྒྱག་མི་རང་།
༣༡
ཕྱིའི་གྲིབ་གཟུགས་ཤིག་གི་འགྲུལ་བསྐྱོད་མཐོང་བ་ཙམ་གྱིས། མི་གཟུགས་ཀྱི་རི་མོ་འབྲི་བཞེང་བྱེད་པ་དག་ནི་གླེན་པ་ཡིན།
༣༢
གལ་ཏེ། རང་ཉིད་སུ་ཞིག་ལ་དགའ་བ་དང་བརྩེ་བ་ཆགས་འདོད་ཡོད་ན། ཐོག་མར་མི་དེའི་གླེང་ཕྱོགས་དང་བསམ་ཚུལ་ལ་གང་ཐུབ་ཀྱི་རྒྱུས་ལོན་བྱེད་རྒྱུ་ལས། རང་གི་ཚོར་བ་དང་སྡུག་གཏམ་རྐྱང་བས་མི་དེའི་སེམས་པ་ཚུར་འཁོར་རྒྱུ་ཧ་ཅང་དཀའ།
༢༦།༡༢།༠༥ཉིན་བྲིས།
༣༣
མི་མང་བོ་ཞིག་ནས། འཇིག་རྟེན་ལ་སྙིང་བོ་མེད་ཚུལ་གླེང་། ངོ་མ་བཤད་ན། འཇིག་རྟེན་ལ་སྙིང་བོ་མེད་པའི་རྒྱུ་མཚན་དང་གནས་ལུགས་མི་ཤེས་མཁན་གྱི་ཐོག་མ་ཡང་ཁོང་ཚོ་ཡིན།
༢༡།༠༡།༠༦ཉིན་བྲིས།