སློབ་མ་དང་གྲྭ་པའི་བར་འཇིག་རྟེན་ཆགས་འཇིག་སྐོར་ལ་བགྲོ་གླེང་།

ཟླ་འདིའི་ཚེས་༩ ཉིན་གྱི་སྔ་དྲོ་རྒྱ་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་པའི་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དཔེ་མཛོད་ཁང་ཚན་རིག་སྡེ་ཚན་གྱི་གོ་སྒྲིག་འོག ཆོས་ཚན་བར་གྱི་བགྲོ་གླེང་ཞིག་འབྲས་སྒོ་མང་གྲྭ་ཚང་གི་འདུ་ཁང་རྙིང་པའི་ནང་འཚོགས་ཡོད་པ་རེད།

བགྲོ་གླེང་མཛད་སྒོའི་ཐོག་སྒོ་མང་གྲྭ་ཚང་གི་མཁན་རིན་པོ་ཆེན་ཡོན་ཏན་དམ་ཆོས་གཙོས་དགེ་བཤེས་ཁག་གཅིག་དང་། དེ་བཞིན་སྒོ་མང་གྲྭ་ཚང་གི་ཚན་རིག་འགན་འཛིན་རྔ་བ་ཤེ་རབ་གཙོས་ཚན་རིག་ཐོག་སློབ་སྦྱངས་གནང་མཁན་དགེ་འདུན་པ་དང་། སློབ་གྲྭ་ཁག་ནས་གུང་སེང་ལ་ཕེབས་པའི་སློབ་ཕྲུག་ཁག་ཅིག་བཅས་མཉམ་ཞུགས་གནང་ཡོད་པ་རེད།

scince dibedདེ་ཡང་ཐོག་མར་སྒོ་མང་གྲྭ་ཚང་གི་ཚན་རིག་འགན་འཛིན་རྔ་བ་ཤེ་རབ་ལགས་ཀྱིས་བགྲོ་གླེང་ཚོགས་འདུ་འཚོགས་དགོས་པའི་དམིགས་ཡུལ་དང་དགོས་པ་གང་ཡིན་བཅས་ཀྱི་ཐོག་ངོ་སྤྲོད་གནང་བ་ལྟར་ན། བགྲོ་གླེང་འདི་དམིགས་བསལ་མ་འདྲ་བ་སློབ་གྲྭ་ཁག་གི་ནང་སོ་སོའི་རིག་པ་རྩལ་དུ་བཏོན་ནས་གཏམ་བཤད་གནང་སྟངས་བཞིན་སློབ་མ་བཞི་དང་ཚན་རིག་སློབ་གཉེར་བ་གྲྭ་པ་གཉིས་བཅས་ཀྱི་བར་ནང་བའི་དུས་འཁོར་ལུགས་ཀྱི་འཇིག་རྟེན་ཆགས་འཇིག་ཟེར་བ་གཅིག་དང་། གོ་ལའི་རྣམ་བཞག་ཟེར་བ། དེ་བཞིན་ཚན་རིག་ལུགས་ཀྱི་འཇིག་རྟེན་ཆགས་འཇིག་དང་ཚན་རིག་ལུགས་ཀྱི་གོ་ལོའི་རྣམ་བཞག་བཅས་ཀྱི་ཐོག་ཕན་ཚུན་བསྡུར་ནས་འདྲ་ས་དང་མི་འདྲ་ས་གང་འདྲ་ཡོད་མེད་ཐོག་བགྲོ་གླེང་གནང་རྒྱུ་དང་།   དེ་ཡང་གཙོ་བོ་དེ་དགོན་པའི་དགེ་འདུན་པ་ཚོའི་བསམ་བློ་གཏོང་ཕྱོགས་གང་འདྲ་ཞིག་ཡིན་པ་སློབ་ཕྲུག་ཚོས་ཤེས་དགོས་པ་དང་།   དེང་དུས་ཀྱི་ཤེས་ཡོན་ཡོད་མཁན་སློབ་མ་ཚོའི་འཇིག་རྟེན་ཆགས་ཚུལ་གྱི་ཐོག་ལྟ་ཚུལ་གང་འདྲ་ཞིག་འཛིན་གྱི་ཡོད་མེད་བཅས་ཀྱི་ཐོག་རྒྱས་ལོན་དང་བསམ་ཚུལ་རྗེ་རེས་ཡོང་དགོས་པ་གལ་ཆེན་ཡིན་སྐོར་དང་།   དེ་རིང་གི་བགྲོ་གླེང་འདི་དགག་སྒྲུབ་ཀྱི་རྣམ་པའི་ཐོག་ནས་འཚོགས་ཡོད་པ་རེད།

scince dibed 1དེ་ནས་སྒོ་མང་མཁན་པོ་ཡོན་ཏན་དམ་ཆོས་ཀྱི་ཆོས་ཚན་བར་གྱི་བགྲོ་གླེང་དང་འབྲེལ་བའི་བླངས་དོར་གསུང་བཤད་གནང་དོན། འགྲོ་བ་སེམས་ཅན་སྤྱི་དང་མིར་གྱུར་བའི་འགྲོ་བ་སེམས་ཅན་ཡོངས་ལ་ཚོར་བ་སྡུག་བསྔལ་དང་བདེ་བ་ཟེར་བ་ཞིག་ཕལ་ཆེར་མང་ཆེ་བ་ལ་ཡོད་པ་གཅིག་མཚུངས་རེད།   དེར་བརྟེན་ སྡུག་བསྔལ་གྱི་ཕྱོགས་ནས་མི་འདོད་པ་ཞིག་དང་། བདེ་བའི་ཕྱོགས་ནས་འདོད་པ་ཞིག་ཡོང་བསྡད་ཀྱི་ཡོད་པ་རེད། མི་ལ་ཆ་མཚོན་ན་ང་ལ་བདེ་བ་ཐོབ་ན་སྡུག་བསྔལ་མ་བྱུང་ན་བསམ་ནས་ཡོད་པ་རེད། དེའི་རེ་བ་ཙམ་ལ་བརྟེན་ནས་མི་འདོད་པའི་སྡུག་བསྔལ་དེ་སེལ་ཐུབ་ཀྱི་མ་རེད། འོན་ན་འདོད་པའི་བདེ་བསྐྱིད་དེ་ཐོབ་ཀྱི་རེད་པས་ཟེར་ན་དེ་ཡང་ཐོབ་ཐུབ་པ་གཏན་ནས་མེད་པ་རེད།   དེ་གཉིས་མི་འབྱུང་བ་དང་ཐོབ་པའི་ཆེད་དུ་རྒྱུ་ག་རེ་བསྒྲུབ་དགོས་པ་རེད་ཟེར་ན།   ཚན་རིག་པ་དང་ནང་པ་གཉིས་ཀྱི་ངོས་ནས་སྡུག་བསྔལ་སེལ་ནས་བདེ་སྐྱིད་ཐོབ་ན་བསམ་པ་དེ་གཅིག་མཚུངས་ཡིན་པ་རེད།   ཡིན་ན་ཡང་ཚནརིག་པའི་ངོས་ནས་དུས་གོ་དང་འབྲེལ་བའི་དཀོན་མཆོག་ལ་ཡིད་ཆེས་སྐྱེས་པའི་ཐོག་སྡུག་བསྔལ་སེལ་དགོས་པ་གཅིག་དང་བདེ་སྐྱིད་ཐོབ་ཀྱི་རེད་བསམ་པ་དེ་འདྲ་རྩ་བ་ནས་མི་འདུག དེ་ན་གང་འདྲ་བྱས་ནས་སྡུག་བསྔལ་སེལ་ནསབདེ་སྐྱིད་བསྐྲུན་པར་སྤྱིའི་དངོས་པོ་ཡར་རྒྱས་སོང་བ་གཅིག་པུར་བརྟེན་ནས་ཡོང་གི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ས་རེད།   ཡིན་ན་ཡང་སྤྱིའི་དངོས་པོ་ཡར་རྒྱས་གཅིག་པུའི་སྡུག་བསྔལ་སེལ་བ་དང་གཏན་གྱི་བདེ་བ་ཐོབ་པ་ཞིག་རྩ་བ་ཉིད་ནས་ཡོང་གི་ཡོད་པ་མ་རེད་ཅེས་སོགས་གསུངས་སོང་།

དེ་ནས་བགྲོ་གླེང་པ་ཚོའི་ནང་པའི་དུས་འཁོར་ལུགས་ཀྱི་འཇིག་རྟེན་ཆགས་འཇིག་དང་ཚན་རིག་ལུགས་ཀྱི་་འཇིག་རྟེན་ཆགས་འཇིག དེ་བཞིན་དུས་འཁོར་ལུགས་ཀྱི་གོ་ལའི་རྣམ་བཞག   ཚན་རིག་ལུགས་ཀྱི་གོ་ལ་དང་ཉི་མའི་ཁྱིམ་བརྒྱུད་བྱུང་སྟངས་བཅས་ཀྱི་ཐོག་བགྲོ་གླེང་དང་དོགས་འདྲིར་ལན་འདེབས་སོགས་གནང་ཡོད་པ་རེད།།

ལྷོག་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།